མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་དམངས་ཆེན་གྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཚོགས་ཀྱིས་མཚོ་སྔོན་ནས་རྟོག་ཞིབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-21 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཚོགས་ཀྱིས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་སྟེང་འཐུས་མི91གིས་བཏོན་པའི《འབྲི་ཆུའི་བཅའ་ཁྲིམས་བཟོ་བའི་སྐོར་གྱི་གྲོས་གཞི》དང《མགྱོགས་མྱུར་ངང་འབྲི་ཆུ་སྦག་བཙོག་སྔོན་འགོག་བཅའ་ཁྲིམས་བཟོ་བའི་སྐོར་གྱི་གྲོས་གཞི》གཉིས་གཙོ་གནད་ཐག་གཅོད་བྱེད་པའི་གྲོས་གཞི་ཁྲོད་བཞག ཟླ7པའི་ཚེས14ཉིན་ནས་ཚེས18ཉིན་བར་རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཝང་ཧུང་ཅུའུ་ཡིས་རྟོག་ཞིབ་ཚོགས་པར་སྣེ་ཁྲིད་ནས་མཚོ་སྔོན་ནས་གྲོས་གཞི་གཉིས་ཀྱི་ཐད་ནས་རྟོག་ཞིབ་བྱས།

རྟོག་ཞིབ་ཚོགས་པས་འབའ་ཆུ་དང་རྫ་ཆུ། འབྲི་ཆུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོང་ཁུལ། ལྷུན་པོ་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྩ་ཐང་སྐྱེ་ཁམས་ཁོར་ཡུག མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།

ཟླ7པའི་ཚེས18ཉིན། རྟོག་ཞིབ་ཚོགས་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུ་ལ་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ཚའོ་ཝུན་ཧུའུ་ཡིས་འགོ་འཛིན་བྱས་ཤིང་། ཧྲིན་ཀྲང་གཞོན་པ་ཁྲིན་ལིས་ཧྭ་ཡིས་འབྲི་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་ཐད་ནས་སྙན་ཞུ་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད། རྒྱལ་ཁབ་རིམ་པས་མགྱོགས་མྱུར་ངང་འབྲི་ཆུའི་བཅའ་ཁྲིམས་དང་འབྲི་ཆུ་སྦག་བཙོག་སྔོན་འགོག་བྱེད་པའི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཁྲིམས་སྲོལ་བཟོ་བ་དང་། འབྲི་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་གནས་སྤོར་སྡོད་དམངས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས་པ་སོགས་ཀྱི་རེ་བ་བཏོན།

རྟོག་ཞིབ་ཚོགས་པས་འབྲི་ཆུ་ནི་རང་རྒྱལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་སྲོག་རྩ་ལྟ་བུ་ཡིན་པས། འབྲི་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་ལས་འགན་གལ་ཆེ་ཞིང་གཟི་བརྗིད་ལྡན་པ་ཞིག་ཡིན། མཚོ་སྔོན་གྱི་ཏང་སྲིད་འགོ་ཁྲིད་རབ་དང་རིམ་པའི་ཚུལ་མཐུན་གྱི་སྲིད་འཛིན་དང་རིམ་པ་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སྲུང་སྐྱོང་བྱས་པ་བརྒྱུད། ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་ལ་ཧུར་བརྩོན་བྱས་ཡོད་པས་མཐོ་སྒང་གི་ལས་བྱེད་མང་ཚོགས་ལ་ལྷག་བསམ་རྣམ་དག་གིས་གུས་བཀུར་ཞུ་བ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག