མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྐྱེ་ཁམས་ཁྱབ་ཁོངས་བཅོས་བསྒྱུར་བྱ་བའི་ཚོགས་འདུ་བསྡུས་པ་དང་ཀྲང་ཅན་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-19 12:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཁྱབ་ཁོངས་བཅོས་བསྒྱུར་བྱ་བའི་ཚོགས་འདུ་བསྡུས་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད》དངོས་འབེབས་ལག་བསྟར་དང་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་ལམ་ལུགས་ཚོད་ལྟའི་ས་ཚིགས་ལ་སྐུལ་སློང་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།

ཀྲང་ཅན་མིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་འགྲེམ་སྤེལ་བྱས་པ་དང་། དེ་ནི་སྐྱེ་ཁམས་ཁྱབ་ཁོངས་བཅོས་བསྒྱུར་གྱི་སྤྱིའི་འཆར་འགོད་ཡིན་ལ། དེའི་ནང་གཙོ་གནད་ཁྱབ་ཁོངས6དང་བཅོས་བསྒྱུར་བྱེད་ཐབས་གཙོ་བོ19། བྱེ་བྲག་གི་བཅོས་བསྒྱུར་ལས་འགན30འཆར་འགོད་བྱས་ཡོད། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཏང་ཨུ་སྲིད་གཞུང་གིས་ཕྱོགས་ཡོངས་ལ་སྐུལ་འདེད་དང་གཙོ་གནད་ཐོལ་བརྒལ། ཁྱད་ལྡན་གསར་འཛུགས། བདེ་ཐང་ངང་འཁོར་སྐྱོད་བྱེད་པའི་སྤྱིའི་བླང་བྱར་གཞིགས་ཏེ། ཤུགས་ཆེན་པོས་བཅོས་བསྒྱུར་སྣ་ཚོགས་ཀྱི་ལག་བསྟར་ཇུས་འགོད་དང་ལག་བསྟར་བྱ་བ་ལེགས་པོར་སྒྲུབ་ནས་བཅོས་བསྒྱུར་གྱི་གཏན་འཁེལ་བྱས་པའི་དམིགས་ཚད་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།

ཀྲང་ཅན་མིན་གྱིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁྱབ་ཁོངས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པར་གཙོ་བོ་ཕྱོགས་ཡོངས་ནས་གཙོ་ནུས་ཁུལ་གྱི་ལམ་ལུགས་དངོས་འབེབས་དང་རང་བྱུང་ཐོན་ཁུངས་རྒྱུ་ཆའི་ཁེ་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་ལུགས་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་རིན་ལྡན་བེད་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་འཛུགས་སྐྲུན་ལ་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་དཔལ་ཡོན་དཔྱད་འཇོག་ལམ་ལུགས་འཛུགས་པ་སོགས་ཕྱོགས6དངོས་འབེབས་བྱེད་དགོས། ད་ལོར་ཤུགས་ཆེན་པོས་བྱེ་བྲག་གི་བཅོས་བསྒྱུར་ལས་འགན30ཡི་ལག་བསྟར་འཆར་འགོད་སྒྲིག་བཟོ་བྱ་བ་ལེགས་པོར་སྒྲུབ་ནས་ཤུགས་ཆེན་པོས་གཙོ་གནད་བཅོས་བསྒྱུར་སྐོར་ཞིག་ལག་བསྟར་ལ་སྐུལ་འདེད་བྱེད་པའི་དུས་མཚུངས་སུ། རྨ་སྟོད་དང་འབྲི་སྟོད་གཉིས་ཀྱི་གསར་དར་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་བྱ་བར་མགྱོགས་མྱུར་གྱིས་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་དེ་སྐྱེ་ཁམས་སྲུང་སྐྱོང་གི་སྟེགས་བུ་ཞིག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དུ་བསྒྱུར་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག