མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཉེ་ལམ་ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་ལ་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་དྲག་ཆར་བབས་པའི་རྐྱེན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་། ཞིན་ཧེ་རྫོང་བཅས་ལ་རིམ་པ་མི་འདྲ་བའི་ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་ཐེབས་པ་རེད།

གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ལས་ཤེས་གསལ་ལྟར་ན། ཟླ་བདུན་པའི་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་ཡས་མས་སུ། ཞིན་ཧེ་རྫོང་ལ་དྲག་ཆར་བབས་ཏེ་ཞིན་ཐིན་གཞུང་ལམ་གྱི་རྨི་ཉིས་བརྒྱའི་མཚམས་སུ་འདམ་ཟེགས་བཞུར་ནས་ལམ་བཅད་པ་དང་། སྡེ་བ་ཁ་ཤས་ཀྱི་ཞིང་ས་ཆུ་ལོག་གིས་བསྣུན་ཏེ། ཁྱོན་བསྡོམས་སྒོར་ཁྲི་བདུན་གྱི་གྱོང་གུན་བཟོས་པ་རེད། ཟླ་བདུན་པའི་ཚེས་བརྒྱད་ཉིན། སྔ་གཞུག་དུ་ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་གཉིས་ལ་ཆུ་ལོག་གི་གནོད་སྐྱོན་ཐེབས་ནས། ཁྱོན་བསྡོམས་སྒོར་ས་ཡ་གསུམ་དང་འབུམ་གསུམ་ཁྲི་གཉིས་ཙམ་གྱི་གྱོང་གུན་བཟོས་ཤིང་། ཁྲི་ཀ་རྫོང་གི་ཧི་ཞི་གྲོང་རྡལ་གྱི་རྒན་རྒྱ་སྡེ་བའི་རྨི་བདུན་ཅུ་ལྷག་གི་ཆུ་ཡུར་རྨེག་མེད་དུ་བཟོས། ཚེ་ཐང་སྡེ་བའི་རྨི་སུམ་ཅུའི་རིང་ཐུང་ཡོད་པའི་ཆུ་ལོག་འགོག་པའི་རགས་རྩ་བརླག་དུ་བཏང་ཤིང་། སྡེ་བའི་ཟམ་པ་གཅིག་ལ་གཏོར་བརླག་ཐེབས། གཞན་བ་རྒྱ་སྡེ་བ་དང་ར་ཆགས་སྐེད་སྡེ་བའི་ནགས་ས་མུའུ་བརྒྱ་དང་བཅུ་ཙམ་རྩ་བརླག་ཏུ་བཏང་། ཧི་ཞི་གྲོང་རྡལ་གྱི་ཆུ་འདྲེན་སྦུ་གུ་རྨི་སུམ་བརྒྱ་བརླག་པ་རེད། ད་དུང་སྡེ་བ་བརྒྱད་ཀྱི་འཐུང་ཆུ་བཅད་ནས་ཁྱོན་བསྡོམས་སྒོར་ས་ཡ་གསུམ་དང་འབུམ་གཅིག་ལྷག་གི་གྱོང་གུན་ཐེབས། དྲག་ཆར་གྱིས་ད་དུང་ཐུན་ཏེ་རྫོང་གི་གློག་འདོན་ས་ཚུགས་ལ་གཏོར་བརླག་བཟོས་ནས་གློག་འདོན་ས་ཚུགས་ཀྱི་གློག་འདོན་སྤྲོད་བྱེད་མཚམས་བཞག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག