ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས13ནས་ཚེས14ཉིན་བར། སྐབས་ལྔ་བའི་མཚོ་འགག་འགྲམ་གཉིས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་ཅན་གྱི་གླེང་སྟེགས་དེ་མཚོ་སྔོན་ཞིང་ཆེན་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་ཀྲུང་གོ་ཚན་རིག་ལག་རྩལ་ལྷན་ཚོགས་ཉམས་མྱོང་བརྗེ་རེས་པུའུ་ཡི་པུའུ་ཀྲང་གཞོན་པ་ཁྲིན་ཅན་གཉིས་ཀྱིས་སོ་སོར་གཏམ་བཤད་པ་དང་། ཐའེ་ཝན་ཧྲིན་ནུང་ཚན་རྩལ་འཕེལ་རྒྱས་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་ལིའོ་ཧྲུའུ་ཧུང་གིས《ཞིང་གསུམ་གྱི་རྣམ་པ་གསར་བ་འཛུགས་པ་སྟེ1330བཟོ་བཀོད་ཇུས་འགོད》ཀྱི་ཆེད་དམིགས་གཏམ་བཤད་བྱས་པ་དང་། ཐའེ་ཝན་དང་ཉིན་ཞ། ཧྲན་ཞི། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་གྱི་ཞིང་ཕྱུགས་ནགས་གསུམ་གྱི་ཆེད་ལས་མཁས་པས་གླེང་སྟེགས་སྟེང་གཏམ་བཤད་བརྗེ་རེས་བྱས།
མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ལྷན་ཚོགས་དང་ཐའེ་ཝན་ཧྲིན་ནུང་ཚན་རྩལ་འཕེལ་རྒྱས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་ཚན་རིག་ལག་རྩལ་ལྷན་ཚོགས་ཉམས་མྱོང་བརྗེ་རེས་པུའུ་དང་མཚོ་སྔོན་ཞིང་ཆེན་ཐའེ་ཧན་ལད་དོན་གཞུང་སྒྲུབ་ཁང་གིས་རོགས་སྐྱོར་བྱས་ཤིང་། ཧྲན་ཞིང་དང་ཀན་སུའུ། ཉིན་ཞ། ཞིན་ཅང་། ནང་སོག བོད་ལྗོངས་བཅས་ཞིང་ལྗོངས6གིས་རོགས་སྒྲུབ་བྱས་པའི་ཐེངས་འདིའི་གླེང་སྟེགས་གིས་ཁེ་ལས་ལ་ལྟ་སྦྱོང་བྱེད་པ་དང་ཁེ་ལས་ལ་འབྲེལ་མཐུད་བྱེད་པ་དེ་བྱ་འགུལ་གཙོ་བོར་བཞག་སྟེ། འགྲམ་གཉིས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས་ཚན་ཁག་ལས་བརྒལ་བ་དང་སྡེ་ཁག་ལས་བརྒལ་བ། ཞིང་ལྗོངས་ལས་བརྒལ་བའི་བརྗེ་རེས་ཞིབ་འཇུག་བྱེད་པ་དང་། གསར་གཏོད་ཀྱི་བསམ་བློ་དང་འཕེལ་རྒྱས་ཀྱི་ལྟ་ཕྱོགས་ཀྱིས་ཐུན་མོང་ངང་འགྲམ་གཉིས་ཀྱི་དེང་རབས་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རིག་གཞུང་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བྱས།
གླེང་སྟེགས་སྐབས་སུ། ཚོགས་ཞུགས་པ་རྣམས་ཀྱིས་མཚོ་སྔོན་ལུའི་ཚའོ་ཡོན་ཟས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྲིན་ནུང་ཁམ་བུ་གསར་སྤེལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཆིན་ཧྭ་པའོ་ཀྲུང་ཚད་ཡོད་ཀུང་ཟི། མཚོ་སྔོན་བོད་ལུག་ཚོགས་སྒྲིལ་སོགས་ཁེ་ལས4ནས་ཡུལ་དངོས་ལྟ་སྦྱོང་བྱས་པ་དང་། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཁེ་ལས11གིས་ཐའེ་ཝན་དང་འབྲེལ་མཐུད་གྲོས་མོལ་བྱས། །