མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་གྱི་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཚོད་ལྟ་ས་ཁུལ་ལ་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏུ་བཙུགས་ཡོད་པའི་རྒྱལ་ཁབ་ཀྱི་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་ཚོད་ལྟ་ས་ཁུལ་ལ་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས།

ཚོད་ལྟ་ས་ཁུལ་འདིས་ཚན་རིག་ལག་རྩལ་ལ་བརྟེན་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་གཞི་གལ་ཆེན་ལག་བསྟར་བྱས་པ་བརྒྱུད། སྐྱེ་ཁམས་སྲུང་སྐྱོབ་དང་ཞིང་ཕྱུགས་ཐོན་རྫས་ཀྱི་སྒྲིག་གཞི་སྙོམ་སྒྲིག་བྱེད་པ། ཐོན་སྐྱེད་བྱེད་སྟངས་ལ་བསྒྱུར་བཀོད་བྱེད་པ་དང་དམངས་འཚོ་ལེགས་བཅོས་བཅས་ཀྱི་ཐད་ལ་ཕན་འབྲས་ཆེན་པོ་བླངས་ཡོད་པར་མ་ཟད། ཚོད་ལྟ་ས་ཁུལ་འདི་ལེགས་འགྲུབ་བྱུང་བ་བརྒྱུད། མཚོ་བོད་མཐོ་སྒང་གི་ས་གནས་གཞན་གྱི་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་ཡང་དཔེ་སྟོན་ཡག་པོ་ཞིག་བྱས་ཡོད་པ་རེད།

 ཤེས་གསལ་ལྟར་ན། ཚོད་ལྟ་ས་ཁུལ་འདི་བཙུགས་པའི་ལོ་ལྔའི་རིང་དུ། ཁྱོན་བསྡོམས་མུའུ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བདུན་ལྷག་གི་རྩྭ་སར་ར་བསྐོར་ཏེ་སྲུང་སྐྱོབ་བྱས་ཡོད་ལ། མུའུ་ས་ཡ་གཉིས་དང་འབུམ་ལྔ་ཁྲི་གཉིས་ལྷག་གི་རྩྭ་སར་གཟན་རྩྭ་འདེབས་པ་སོགས་བྱས་ནས་ཇེ་རྒྱས་ཇེ་ལེགས་སུ་བཏང་ཡོད། ཕྱུགས་ཟོག་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བཞི་ལྷག་ཇེ་ཉུང་དུ་བཏང་ཡོད་ལ། སྐྱེ་ཁམས་གནས་སྤོ་བྱེད་པའི་ཁྱིམ་ཚང་ཆིག་སྟོང་བརྒྱད་བརྒྱ་དགུ་ཅུ་སྟེ། ཁྱོན་བསྡོམས་མི་གྲངས་ཁྲི་གཅིག་དང་ཆིག་སྟོང་ཉིས་བརྒྱ་སོ་ལྔ་ལྷག་བདེ་བར་བཀོད། ད་དུང་མུའུ་བྱེ་བ་གསུམ་དང་ས་ཡ་དྲུག་གི་རང་བྱུང་རྩྭ་རར་སྲུང་སྐྱོབ་ལེགས་པོ་བྱས། ཕྱུགས་ལས་ཐོན་རྫས་ཏུན་སྟོང་ལྔ་ལྷག་ཐོན་སྐྱེད་བྱས་ནས་ཕྱུགས་ལས་ཐོན་ལས་ཅན་དུ་བསྒྱུར་བར་སྒུལ་ཤུགས་ཆེན་པོ་བསྐྲུན།

གཞན་ཚོད་ལྟ་ས་ཁུལ་དུ་ད་དུང་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཐད་ཀྱི་མཉམ་ལས་ཁང་བཙུགས་ནས། སྐྱེ་ནུས་ཉམས་པའི་རྩྭ་ར་བརྒྱ་ཆའི་གོ་བཞི་ལྷག་སླར་གསོ་བྱས་ཡོད་ལ། རྒྱལ་དམངས་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཐེར་འབུམ་ལྔ་ལྷག་ཏུ་ཐོན་ཡོད། ཉིས་སྟོང་བདུན་གྱི་ལོར་རོང་འབྲོག་མི་དམངས་ཀྱི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སུམ་སྟོང་བརྒྱད་བརྒྱ་བཞི་ཅུ་ལས་མེད་མོད། ཉིས་སྟོང་བཅུ་གསུམ་ལོར་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་སྒོར་བདུན་སྟོང་བརྒྱ་ལ་ཉི་ཤུར་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག