ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཧུར་བརྩོན་གྱིས་གཞི་ཁྱོན་ཆེ་བའི་ལས་ཞུགས་ལས་སྐྲུན་གྱི་གསོ་སྦྱོང་བཟོ་འགོད་ལག་བསྟར་བྱས་ཏེ་བྱ་བ་བ་སོ་སོ་བདེ་བླག་ངང་སྤེལ་བཞིན་ཡོད། ཟླ6པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱིས་ཤང་གྲོང་ངལ་རྩོལ་པ་མི་ཁྲི4ལྷག་རྩ་འཛུགས་གསོ་སྦྱོང་བྱས་ཤིང་། དེས་ལོ་ཧྲིལ་བོའི་གསོ་སྦྱོང་ལས་འགན་མི་ཁྲི7.5ཡི53%ཟིན་ཞིང་། ལས་ཞུགས་མ་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མ་མི2900ལ་གསོ་སྦྱོང་བྱས།
ད་ལོའི་ཚུན་ནས་བཟུང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་བའི་ལག་རྩལ་མཐོར་འདེགས་འཆར་འགོད“དཔྱིད་རླབས་བྱ་འགུལ”སྤེལ་བ་དང་། རིགས་མི་འདྲ་བའི་རོང་འབྲོག་ས་ཁུལ་གྱི་སྤོ་བསྒྱུར་ལས་ཞུགས་ཀྱི་ངལ་རྩོལ་པའི་དགོས་མཁོ་ལ་གཞིགས་ཏེ། རོང་འབྲོག་ཁུལ་གྱི་ན་གཞོན་ངལ་རྩོལ་པ་སོགས་གཙོ་གནད་མང་ཚོགས་འབུར་ཏུ་བཏོད་དེ། རིགས་བགར་ནས་ལས་ཞུགས་ནུས་རྩལ་གསོ་སྦྱོང་དང་ལས་རྐང་ནུས་རྩལ་མཐོར་འདེགས། ལས་སྐྲུན་གསོ་སྦྱོང་བྱས། ཟླ6པའི་ཟླ་མཇུག་བར་དུ། རོང་འབྲོག་ཁུལ་གྱི་སྤོ་བསྒྱུར་ལས་ཞུགས་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་བྱས་པ་མི་ཁྲི3.3དང་། ལས་རྐང་དུ་ཞུགས་པའི་ཞིང་བ་ལས་བཟོ་བའི་ནུས་རྩལ་མཐོར་འདེགས་གསོ་སྦྱོང་བྱས་པ་མི་ཁྲི1། ལས་སྐྲུན་གསོ་སྦྱོང་བྱས་པ་མི1000བཅས་ལ་སླེབས་ཡོད། མུ་མཐུད་དུ་ལས་ཞུགས་མ་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མར་ཆེད་དམིགས་ཀྱིས་ལས་ཞུགས་གསོ་སྦྱོང་བཟོ་འགོད་ལག་བསྟར་བྱས་ཤིང་། ལོ་སྟོད་ལ་ལས་ཞུགས་མ་བྱས་པའི་སློབ་ཆེན་མཐར་ཕྱིན་སློབ་མ་མི2900ལ་ཆེད་དམིགས་གསོ་སྦྱོང་བྱས་ཤིང་། དེའི་ནང་ལས་ཞུགས་ནུས་པ་མཐོར་འདེགས་བྱས་པའི་གསོ་སྦྱོང་མི1900དང་ནུས་རྩལ་གསོ་སྦྱོང་བྱས་པ་མི100། ལས་སྐྲུན་གསོ་སྦྱོང་བྱས་པ་མི900བཅས་ཡོད། ཟླ6པའི་ཟླ་མཇུག་བར་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཤང་གྲོང་ངལ་རྩོལ་པ་མི9000ལ་གསོ་སྦྱོང་བྱས་ཡོད། །