མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས“ཕྱོགས་བཞི་གཞི་གཅིག”ལ་བརྟེན་ནས་རྩྭ་བཀག་ཕྱུགས་འཕྲི་དང་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།

  ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  2014-07-13 11:35

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་རྩྭ་ཐང་འབྲོག་ལས་ཀྱི་རྟེན་གཞི་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་ངོས་ནས་མཚོ་སྔོན་ཞིང་ཆེན་གྱིས་འབྲོག་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་རིང་སྣོད་བཅུད་སྲུང་སྐྱོང་བྱ་ཤུགས་ལ་མཐོང་ཆེན་བྱས་པ་དང་2011ལོ་ནས་བཟུང་ཞིང་ཆེན་དེས་ལོ་གསུམ་ནང་ལུག་འགྱུར་ལྟར་རྩིས་ན་ཕྱུགས་རིགས་མགོ་གྲངས་ཁྲི་570ཉུང་འཕྲི་བྱས་ནས་རྩྭ་ཕྱུགས་དོ་སྙོམས་བྱེད་པའི་རྨང་གཞིའི་ཐོག་སྣོད་བཅུད་དོ་སྙོམས་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་པའི་གཏན་འབེབས་བྱས་ཤིང་།མིག་སྔར་འབྲེལ་ཡོད་ལས་དོན“ཕྱོགས་བཞི་གཞི་གཅིག”ངང་ཁྱོན་ཡོངས་ནས་ལག་བསྟར་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ལ་བེད་སྤྱོད་བྱེད་ཆོག་པའི་རྩྭ་ར་མུའུ་དུང་ཕྱུར་4.74ཡོད་པ་དེ་དག་མང་ཆེ་བ་གཙང་གསུམ་ཆུ་འགོའི་ཁུལ་དང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དུ་ཡོད་པ་དང་དེ་ནི་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན་མོད།འོན་ཀྱང་དུས་ཡུན་རིང་པོའི་ནང་ཕྱུགས་འཚོ་དྲགས་པས་དེ་གའི་རྩྭ་ཐང་ཞན་འགྱུར་དང་བྱེ་ཐང་ཅན་དུ་འགྱུར་ཚབས་ཆེ་བས་འབྲོག་ལས་རགས་ལས་རྣམ་པའི་འཕར་སྟངས་རྒྱུན་མཐུད་བྱེད་ཐབས་དཀའ་བ་དང“ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག”གི་སྣོད་བཅུད་བདེ་འཇགས་ལ་ཉེན་ཁ་འཕྲད་ཡོད་པ་རེད།

    2011ལོའི་ཟླ་དགུ་པར་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ཁྱོན་ཡོངས་ནས་ལག་ལེན་བསྟར་ནས་མུའུ་དུང་ཕྱུར་2.45ཟིན་པའི་ཞན་འགྱུར་བྱེད་ཚད་འབྲིང་ཙམ་ཡན་ཟིན་པའི་རང་བྱུང་རྩྭ་ཐང་ལ་རྩྭ་ཁ་བཀག་འགོ་ཚུགས་པ་དང་མུའུ་དུང་ཕྱུར་2.29ཡོད་པའི་བེད་སྤྱོད་ཆོག་པའི་རྩྭ་ཐང་དུ་རྩྭ་ཕྱུགས་དོ་སྙོམས་ཡོང་བ་བྱས་པ་དང་འབྲེལ་ལོ་གསུམ་ནང་ལུག་འགྱུར་ལྟར་རྩིས་ན་ཕྱུགས་རིགས་མགོ་གྲངས་ཁྲི་570ཉུང་འཕྲི་བྱ་རྩིས་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་རྩྭ་ཐང་ཁྲུའུ་ཡི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཧྲང་ཡུང་ཁྲེང་གིས་མཚོ་སྔོན་འབྲོག་ཁུལ་དུ་ལུག་འགྱུར་ལྟར་རྩིས་ན་ཕྱུགས་རིགས་མགོ་གྲངས་ཁྲི་570ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་སྤྱིར་ན་ཉུང་འཕྲི་བྱེད་སྟངས་གསུམ་ཡོད་པ་སྟེ།གཅིགཐད་ཀར་བཤས་ཁོངས་སུ་བཏང་ནས་ཁྲོམ་རར་ཚོང་བ་དང་།གཉིས།ཞིང་ཁུལ་ནས་གཟན་རྩྭ་དང་གཟན་ཆག་མཁོ་སྤྲོད་བྱས་ནས་འབྲོག་ཁུལ་དུ་ལག་གསོས་དང་།ཕྱེད་ལག་གསོས།ལྟོ་སྣོན་སྟེར་བ་བཅས་བྱས་ནས་གསོ་ཚགས་བྱས་ཏེ་རང་བྱུང་འབྲོག་རྩྭ་ཉུང་དུ་བཏང་ནས་རང་བྱུང་རྩྭ་རའི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་ཡིན་པ།གསུམ།ཞིང་ཁུལ་མང་ཚོགས་ཀྱིས་འབྲོག་ཁུལ་ནས་ནོར་ལུགས་ཉོ་བར་རོགས་སྐྱོར་བྱས་ཏེ“ཁྱིམ་ཚང་འབྲོག་རའི”བྱེད་སྟངས་ལ་བརྟེན་ནས་སྡོམ་གསོས་རྒྱག་གི་ཡོད་པས་ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཕན་པ་ཡོད་པ་མ་ཟད།ཞིང་ཆེན་ཡོངས་ཀྱི་འབྲོག་ཟོག་མཁོ་སྤྲོད་དོ་སྙོམས་ཡོང་རྒྱུ་འགན་ལེན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་འབྲོག་ལས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དབྱང་དབྱི་ཆིང་གིས“རྩྭ་ཁ་བཀག་པ་ལས་གསོ་ཚགས་ལ་བཀག་འགོག་མི་བྱེད་པ་དང་ཕྱུགས་འཕྲི་བྱེད་པ་ལས་ཐོན་འབབ་མི་ཆག་པ”བྱ་རྒྱུ་འགན་ལེན་བྱ་ཆེད་མཚོ་སྔོན་ཞིང་ཆེན་གྱིས་འཁོར་སྐྱོད་ཞིང་འབྲོག་ལས་དང་།སྣོད་བཅུད་འབྲོག་ལས།རྩྭ་ཐང་སྣོད་བཅུད་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས།སྐྱས་སྤོས་འབྲོག་པ་གཞིས་ཆགས་འདུ་འགོད་བཅས“ཕྱོགས་བཞི་གཞི་གཅིག”ངང་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་རྒྱུ་འཚོལ་ཞིབ་དང་ཁྱབ་གདལ་བཏང་བ་དེ་ནི་གསར་གཏོད་རང་བཞིན་ཆེན་པོ་ལྡན་པའི་བྱེད་ཐབས་ཤིག་རེད་ཅེས་བཤད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།2013ལོའི་ལོ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱིས་རྩྭ་བཀག་ཕྱུགས་འཕྲིའི་ལས་འགན་ལུག་འགྱུར་ལྟར་རྩིས་ན་མགོ་གྲངས་ཁྲི་456ལེགས་གྲུབ་ཟིན་པ་དེའི་ནང་གཙང་གསུམ་ཆུ་འགོའི་ཁུལ་ནས་ཁྱོན་འབྲོག་པ་ཁྲི་7.07གནས་སྤོ་བྱས་པ་དང་ལུག་འགྱུར་ལྟར་རྩིས་ན་ཕྱུགས་རིགས་མགོ་གྲངས་ཁྲི་334.6ཉུང་འཕྲི་བྱས་ཡོད།སྔོན་དཔག་ལྟར་ན་འདི་ལོ་ལུག་འགྱུར་ལྟར་རྩིས་ན་ཕྱུགས་རིགས་མགོ་གྲངས་ཁྲི་114ཉུང་འཕྲི་བྱས་ནས་གཏན་འབེབས་བྱས་པའི་རྩྭ་བཀག་ཕྱུགས་འཕྲིའི་ལས་འགན་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

    ཚོད་རྩིས་བྱས་པར་གཞིགས་ན།རྩྭ་བཀག་ཕྱུགས་འཕྲིའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ་གཉིས་ལྷག་ཙམ་རིང་རྣམ་གྲངས་ཁྱབ་སའི་རྩྭ་ཐང་ཐོག་སྔོ་ཁེབས་ཁེབས་ཚད་བརྒྱ་ཆའི་གྲངས་10ཙམ་མཐོ་རུ་ཕྱིན་ནས་མིག་སྔར་50%ཡན་ཟིན་པ་དང་ས་ཆ་ཁག་གཅིག་གི་རྩྭ་ཐང་སྣོད་བཅུད་ཁོར་ཡུག་རིམ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག