ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ7པའི་ཚེས12ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་པར་ལེན་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2014ལོའི་ཀྲུང་གོ་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་དེ་མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་སུ་ཚོགས།
ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིས་ཆན་ཀོང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་དེ་སྔོན་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྲི་ཡུང་ཞང་། ཀྲུང་གོ་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་ཞོན་མིན། ཀྲུང་གོ་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སའོ་ཅིག་ལིན། ཀྲུང་གོ་པར་ལེན་པའི་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀའོ་ཆིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ། ཧྲང་ཧེ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲི་ཀྲི་ཀང་། ཧྥ་རན་སིའི་རྒྱལ་སྤྱིའི་དཔྱད་འཇོག་པ་མའོ་ཧ་མོ་ཏི་རོས་ཙི་ཏི་ཧ་ཐི། དབྱིན་ཇིའི་རྒྱལ་སྤྱི་དཔྱད་འཇོག་པ་ཧིན་ལིས་ཏ་ལ་ལིག ཨ་མན་གྱི་རྒྱལ་སྤྱི་དཔྱད་འཇོག་པ་ཨ་ཧ་མིས་ཏི་འད་ཨར་པུའུ་སའེ་ཏིས་སོགས་མགོ་ཁྲིད་དང་སྐུ་མགྲོན་རྣམས་མགོ་རྩོམ་མཛད་སྒོར་ཞུགས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན་གྱིས་མགོ་རྩོམ་མཛད་སྒོར་མགོ་འཛིན་བྱས།
ཅི་ཏེ་མ་ཅ་དང་ལིས་ཆན་ཀོང་། ཀའོ་ཆིན། མའོ་ཧ་མོ་ཏི་རོས་ཙི་ཏི་ཧ་ཐི་བཅས་ཀྱིས་སོ་སོར་གཏམ་བཤད་གནང་།
ཅི་ཏེ་མ་ཅ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱང་རིང་ནས་ཕེབས་པའི་མགོ་ཁྲིད་དང་རྒྱལ་ཁབ་ཕྱི་ནང་གི་པར་ལེན་པ། གསར་འགྱུར་ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་དང་འཚམ་འདྲི་བྱས།
ཐེངས་འདིའི་པར་ལེན་དུས་ཆེན་གྱི་བརྗོད་དོན་ནི་ཁུ་ནུས་སྲུང་སྐྱོབ་འོག་གི་མངའ་ཁོངས་སྟེ་བརྙན་ཡོལ་ངོས་ཀྱི་པར་རིས་ཞེས་པ་དེ་ཡིན་ལ། བསྡོམས་པས་འགྲེམ་སྟོན་ཆེན་མོ་དང་མི་སྒེར་གྱི་ཆེད་དོན་འགྲེམ་སྟོན་སོགས80ལྷག་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་དང་ཞིང་ཆེན་ཕྱི་ནང་གི་པར་ལེན་པ600ལྷག་གིས་བརྩམས་ཆོས་ཁྲི་ལྷག་འགྲེམ་སྟོན་ལ་ཞུགས་ཡོད། འགྲེམ་སྟོན་དུས་ཆེན་ལ་པར་ལེན་འགྲེམ་སྟོན་དང་མཐོ་རིམ་གླེང་སྟེགས། མིང་གྲགས་པར་ལེན་པའི་འཆད་ཁྲིད་སོགས་ཆེད་ལས་བྱ་འགུལ་ལས་གཞན། པར་ལེན་སྒྲིག་ཆས་འགྲེམ་སྟོན་དང་པར་ལེན་ལག་རྩལ་གསར་བ་འགྲེམ་སྟོན་སོགས་བྱ་འགུལ་སྐོར་ཞིག་སྤེལ་རྒྱུ་རེད།
པར་ལེན་དུས་ཆེན་གྱི་སྐབས་སུ། པར་ལེན་པ་རྣམས་མཚོ་སྔོན་པོ་དང་སྐུ་འབུམ་དགོན་པ་སོགས་མཚོ་སྔོན་གྱི་མིང་གྲགས་གནས་སྐོར་མཛེས་ལྗོངས་ཁུལ་དུ་ཕྱིན་ནས་པར་ལེན་བརྗོད་བྱ་འཚོལ་སྡུད་བྱ་འགུལ་སྤེལ་རྒྱུ་རེད། །