ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཞིང་ཆེན་ཤུལ་བཞག་རིག་གནས་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྒྱལ་ཡོངས《གེ་སར》དོ་དམ་མི་སྣ་དང་མཚོ་སྔོན“ཁུལ་གསུམ”(མཐའ་ཁུལ་གྱི་དབུལ་ཕོངས་ས་ཁུལ་དང་མཐའ་ཁུལ་མི་རིགས་ས་ཁུལ། དེ་སྔོན་གྱི་གསར་བརྗེའི་ས་ཁུལ)གྱི་འཇོན་མི་ཤུལ་བཞག་རིག་གནས་ལས་བྱེད་མི་སྣའི་གསོ་སྦྱོང་འཛིན་གྲྭ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ནས་བསྡུས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་གསུམ་ཡིན་པ་དང་། མཚོ་སྔོན་དང་པེ་ཅིན། སི་ཁྲོན། ཀན་སུའུ། ནང་སོག བོད་ལྗོངས་སོགས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་ཤུལ་བཞག་རིག་གནས་ལས་བྱེད་མི་སྣ50ལྷག་གསོ་སྦྱོང་ལ་ཞུགས་ཡོད། གསོ་སྦྱོང་འཛིན་གྲྭ་ལ་རིག་གནས་པུའུ་ཤུལ་བཞག་རིག་གནས་ཁང་གི་ཟི་ཀྲང་གཞོན་པ་མ་ཧྲིན་ཏི་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་སའོ་གཞུང་ལུགས་ཁང་གི་ཀྲུའུ་རིན་ཞིབ་འཇུག་པ་དང་འབུམ་རམས་པ་པྰ་མོ་ཆུའུ་པུའུ་མའོ། རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་འབུམ་རམས་པ་ནོར་བུ་དབང་ལྡན་སོགས་ཆེད་མཁས་པ་གདན་ཞུ་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་སྲུང་སྐྱོང་གི་སྲིད་ཇུས་ཁྲིམས་སྲོལ་དང་གཞི་གྲངས་མཛོད། ཡིག་ཚགས་འཛུགས་སྐྲུན། 《གེ་སར》རྒྱུད་འཛིན་དང་སྲུང་སྐྱོང་སོགས་ཀྱི་ནང་དོན་ཐད་ནས་སློབ་ཁྲིད་བྱས། གཞན་ཡང་སློབ་ཁྲིད་བྱེད་པའི་ཞོར་དུ་ཆེད་མཁས་པ་དང་སློབ་མ་དག་གིས་མིག་སྔའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བའི་ཁྲོད་གནས་པའི་གནད་དོན་དང་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་སྐོར་ནས་བསམ་འཆར་བརྗེ་རེས་དང་བགྲོ་གླེང་བྱས། །