ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཚེས་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་མགོ་ལོག་གི་གཏན་འཇགས་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་བོད་ཁུལ་གྱི་གཏན་འཇགས་སྲུང་སྐྱོབ་ལ་དམ་འཛིན་བྱེད་རྒྱུ་དེ་སྲིད་ཁྲིམས་བྱ་བའི་མགོ་མཇུག་བར་གསུམ་ཁྱབ་པར་བྱས་ནས། བོད་ཁུལ་གྱི་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།
ཀྲང་ཀོང་རོང་སྔ་གཞུག་ཏུ་མགོ་ལོག་ཁུལ་རྒྱལ་ཁབ་བདེ་འཇགས་ཅུའུ་དང་སྤྱི་བདེ་ཅུའུ། རྨ་ཆེན་རྫོང་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་བཅས་སུ་སོང་ནས་རྟོག་ཞིབ་བྱས་པར་མ་ཟད། གཞི་རིམ་སྲིད་ཁྲིམས་ཉེན་རྟོག་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པར་འཚམས་འདྲི་བྱས།
ཀྲང་ཀོང་རོང་གིས་བསྟན་དོན། ཁྲིམས་ལྟར་གཏན་འཇགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཁ་བྲལ་སིམ་འཛུལ་གྱི་གཏོར་བརླག་བྱ་འགུལ་སྤེལ་མཁན་ལ། སྔ་མོ་ནས་རྡུང་རྡེག་ནན་མོ་བྱེད་དགོས་པ་དང་། སྲིད་ཁྲིམས་ལས་ཁུངས་དང་གཞི་རིམ་རྩ་འཛུགས། སྤྱི་ཚོགས་ལས་རིགས་སོ་སོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བརྩོན་སེམས་དང་རང་འགུལ་རང་བཞིན་ལ་སྐུལ་སློང་བྱེད་པར་དོ་སྣང་བྱས་ཏེ། ཆེད་དོན་མི་སྣ་དང་མང་ཚོགས་ཟུང་འབྲེལ་བྱེད་པ་དང་། མང་ཚོགས་ཀྱིས་མཉམ་དུ་འགོག་བཅོས་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱས་ནས། བོད་ཁུལ་གྱི་གཏན་འཇགས་སྲུང་སྐྱོབ་བྱ་བའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས་ཟེར། ཀྲང་ཀོང་རོང་གིས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གི་བླང་བྱ་ལྟར་དུ། བསམ་བློའི་གོ་རྟོགས་ལ་སྔར་ལས་གཅིག་གྱུར་དང་། ནན་ཏན་གྱིས་ཁྲིམས་འཛིན་བཅོས་བསྒྱུར་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་ནས། ཁྲིམས་སྐྱོང་ནན་མོ་དང་ཁྲིམས་འཛིན་དྲང་གཞག་བྱེད་པར་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་པ་དང་། སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དེ་གོ་སྐབས་སུ་བྱས་ཏེ། ཚན་ཁག་འཛུགས་སྐྲུན་དང་དཔུང་སྡེའི་འཛུགས་སྐྲུན། ཀུན་སྤྱོད་འཛུགས་སྐྲུན་བཅས་དམ་འཛིན་ལྷོད་མེད་བྱས་ནས། སྲིད་ཁྲིམས་ལས་ཁུངས་ཀྱི་འགན་ནུས་ལས་འགན་ཆེན་པོ་གསུམ་ལག་བསྟར་བཟང་བོ་བྱེད་དགོས་། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་རེ་བ་ལྟར་དུ། མུ་མཐུད་ནས་ཉེན་རྟོག་པའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ནས། དཔུང་སྡེའི་གཏན་འཇགས་དང་བྱ་བའི་གྲུབ་འབྲས་ལ་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། །