ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས3ཉིན། སྐབས་གསུམ་པའི་ཀྲུང་གོའི་ནུབ་རྒྱུད་སྲོག་ཆགས་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ནས་བསྡུས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས12ཀྱི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་། རང་བྱུང་སྲུང་སྐྱོང་ཁུལ་སོགས་ལས་ཁུངས36གི་ཆེད་ལས་མཁས་པ200ལྷག་དང་སྲོག་ཆགས་རིག་པའི་བྱ་བ་སྒྲུབ་མཁན་སོགས་ཚོགས་འདུར་ཞུགས་པ་དང་། ཚོགས་འདུ་འདི་འཚོགས་པ་ཡིས་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་སྲོག་ཆགས་རིག་པའི་ཆེད་ལས་མཁས་པ་ཕན་ཚུན་བར་གྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་རྒྱལ་སྲོག་ཆགས་རིག་པའི་ཞིབ་འཇུག་གཏིང་ཟབ་དུ་སྤེལ་བ་དང་སྲོག་ཆགས་སྲུང་སྐྱོང་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།
རྒྱུས་ལོན་པ་ལྟར་ན། སྐབས་གསུམ་པའི་ཀྲུང་གོའི་ནུབ་རྒྱུད་སྲོག་ཆགས་རིག་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་དེ་མཚོ་སྔོན་དང་ཧྲན་ཞི། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྲོག་ཆགས་རིག་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་སོགས་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། ཚོགས་འདུ་ལ་བསྡོམས་པས་རིག་གཞུང་སྙན་ཞུ46ཕུལ་ཡོད་པ་དང་། རིག་གཞུང་དཔྱད་རྩོམ101འབྱོར་ཡོད། །