ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་ལོ་འགོའི་སྔོན་རྩིས་བཀོད་སྒྲིག་དང་ས་གནས་སྲིད་གཞུང་གི་བུན་འཛིན། ཆེད་སྤྱོད་མ་དངུལ་ཧྲག་བསྡུ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། ཧུར་བརྩོན་གྱིས་མཚོ་ཤར་གྱི་ས་ཁུལ་ནས་གྲོང་ཁྱེར་འཛུགས་པ་དང་། ཤར་རྒྱུད་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ལ། ད་ལོའི་ལོ་འགོ་ནས་མིག་སྔའི་བར་དུ་མ་དངུལ་སྒོར་དུང་ཕྱུར35བཏང་ཡོད།
ཞིང་ཆེན་ནོར་སྲིད་ཐིན་གྱི་འབྲེལ་ཡོད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མ་དངུལ་འདི་གཙོ་བོ་མཚོ་ཤར་ས་ཁུལ་དེ་གྲོང་ཁྱེར་དུ་བསྒྱུར་བའི་ལྟེ་གནས་ས་ཁུལ་གྱི་གཞུང་ལམ་དང་ཆུ་འདོན་པ། དྲོད་འདོན། རྫབ་རླངས་མཁོ་འདོན། སྲིད་འཛིན་ཞབས་ཞུ་སྒྲིག་ཆས་དང་མཚོ་ཤར་བཟོ་ལས་ར་བའི་རྨང་གཞི་སྒྲིག་ཆས་སོགས་འཛུགས་སྐྲུན་དང་། ར་བ་ཁུལ་གྱི་ཐོན་ལས་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་ལ་བཀོལ་སྤྱོད་བྱས་ཤིང་། དེས་མཚོ་ཤར་གྲོང་ཁྱེར་གྱི་རྨང་གཞི་སྒྲིག་ཆས་གཅིག་གྱུར་ཅན་དུ་འཛུགས་སྐྲུན་བྱེད་པ་དང་གྲོང་ཁྱེར་ཕྱོགས་བསྡུས་ཐེག་ནུས་མཐོར་འདེགས་སུ་གཏོང་བར་ཤུགས་བསྣན་ནས་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་གྲོང་ཁྱེར་གྱི་རོགས་འདེགས་ནུས་ཤུགས་ཇེ་ཆེར་གཏོང་བར་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་འགན་སྲུང་ནུས་པར་ཤུགས་བསྣོན་པ་དང་མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་བསྣོན་པ། སྐྱེ་ཁམས་དང་མཐུན་པའི་འཚོ་སྡོད་ཁོར་ཡུག་འཛུགས་པ་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ། །