ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རབ་མཛེས་མཚོ་སྔོན”དྲིལ་སྒྲོག་བྱེད་པ་དང་། དུས་མཚུངས་སུ་ཀྲུང་ཕྱིའི་པར་ལེན་སྒྱུ་རྩལ་པར་འཇོན་ཐང་མངོན་པའི་སྟེགས་བུ་ཞིག་བསྐྲུན་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་པར་ལེན་སྒྱུ་རྩལ་པའི་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་པར་ལེན་སྒྱུ་རྩལ་པའི་མཐུན་ཚོགས། ཀྲུང་གོ་སྤོ་འགུལ་མཚོ་སྔོན་ཡན་ལག་ཀུང་ཟི་བཅས་ཀྱིས་འགན་སྒྲུབ་བྱེད་པའི2014ལོའི་ཀྲུང་གོ་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་དེ་ཟླ7པའི་ཚེས12ཉིན་འགོ་རྩོམ་རྒྱུ་རེད།
ཐེངས་འདིའི་པར་ལེན་དུས་ཆེན་ལ་ཨ་རི་དང་དབྱིན་ཇི། ཧྥ་རན་སི། འཇར་མན། ཞི་ལ། ཨ་ཀིན་ཐིན་སོགས་རྒྱལ་ཁབ་ཀྱི་སྐུ་མགྲོན30ལྷག་དང་རྒྱལ་ནང་གི་སྐུ་མགྲོན20ལྷག་གདན་ཞུ་བྱས་ཡོད། པར་ལེན་འགྲེམ་སྟོན་ལ《འཛམ་གླིང་གི་སྣང་བརྙན》ཏེ་ཕྱི་རྒྱལ་གྱི་པར་རིས་འགྲེམ་སྟོན་དང་། 《ཀྲུང་གོའི་སྣང་བརྙན》ཏེ་རྒྱལ་ནང་གི་པར་རིས་འགྲེམ་སྟོན། 《ཤུལ་བཞག་རིག་གནས་ཀྱི་སྣང་བརྙན》ཏེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ཡུལ་སྲོལ་འགྲེམ་སྟོན། 《ཁྱད་ལྡན་སྣང་བརྙན》དང《པར་ལེན་སྒྲིག་ཆས་ཚོང་ཟོག་འགྲེམ་སྟོན》། པར་ལེན་མཐོ་རིམ་གླེང་སྟེགས་སོགས་ཀྱིས་གྲུབ་ཡོད། དེའི་ནང་ཕྱི་རྒྱལ་གྱི་འགྲེམ་སྟོན་པར་རིས་བརྩམས་ཆོས1500ལྷག་བསྡུ་རུབ་བྱས་ཡོད་པ་དང་། རྒྱལ་ནང་གི་འགྲེམ་སྟོན་པར་རིས་བརྩམས་ཆོས8000ལྷག་བསྡུ་རུབ་བྱས་ཡོད།
ཐེངས་འདིའི་པར་ལེན་དུས་ཆེན་གྱིས་ཕྱོགས་གཅིག་ནས་ཀྲུང་ཕྱིའི་མིང་དུ་གྲགས་པའི་པར་ལེན་སྒྱུ་རྩལ་པའི་བརྙན་རིས་བརྒྱུད་དེ། “རབ་མཛེས་མཚོ་སྔོན”གྱི་འགུག་ཤུགས་མངོན་པར་མཚོན་པ་དང་། ཕྱོགས་གཞན་ཞིག་ནས་འཆམ་མཐུན་དང་མཛེས་སྡུག་གི་ཀྲུང་གོའི་པར་ལེན་འགྲན་ཚོགས་དང“འབྲེལ་གཏུག་གིས་འཚོ་བར་སྔར་ལས་མཚར་སྡུག་བསྐྲུན”ཞེས་པའི་ལག་འཁྱེར་ཁ་པར་པར་ལེན་འགྲན་ཚོགས་ཀྱི་བྱ་འགུལ་ཆེན་མོ་གཉིས་སྤེལ་བ་བརྒྱུད། མང་ཚོགས་ཀྱི་སྤྲོ་སེམས་ལ་སྐུལ་སྤེལ་བྱས་ནས་ལག་འཁྱེར་ཁ་པར་གྱིས་རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་པར་བླངས་ཏེ། འཛམ་གླིང་ལ་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་རིག་གནས་ཆས་རྟགས་འགྲེམ་སྟོན་བྱེད་རྒྱུ་རེད། །