ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དག་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་བཞོན་པ་ལོ་ཁྲོའོ་ཡང་གི་སྣེ་ཁྲིད་འོག དངོས་སུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་སྔོ་ཚོད་འདེབས་འཛུགས་དང་ཉ་རིགས་གསོ་སྤེལ་གྱི་བྱ་བར་ཞིབ་འཇུག་བརྟག་དཔྱད་དུ་ཕྱིན།
སྐབས་འདིའི་བརྟག་དཔྱད་བྱ་བའི་ཁྲོད་ལོ་ཁྲོའོ་ཡང་དང་འབྲེལ་ཡོད་མི་སྣ་དག་སྔ་གཞུག་ཏུ་གཅན་ཚ་རྫོང་གི་སྔོ་ཚོད་འདེབས་འཛུགས་གནས་གཞི་དང་སྡིག་སྲིན་གསོ་སྤེལ་ལྟེ་གནས་སུ་སོང་ནས། འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་དང་ཉོ་ཚོང་བཅས་ཀྱི་བྱ་བར་རྒྱུས་ལོན་ཟབ་མོ་བྱས་པར་མ་ཟད། གཅན་ཚ་རྫོང་གི་སྔོ་ཚོད་འདེབས་འཛུགས་དང་ཉ་རིགས་གསོ་སྤེལ་གྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་གསལ་བོར་ཉན།
གཅན་ཚ་རྫོང་གིས་ས་ཁུལ་རང་གི་ཁྱད་ཆོས་གཙོར་བཟུང་ཏེ་སྔོ་ཚོད་དང་ཉ་རིགས། ཕྱུགས་ཟོག་དང་སིལ་ཏོག་བཅས་ཀྱི་ཐོན་རྫས་རྣམས་ཐོན་ལས་གཙོ་བོར་བཟུང་ནས་གཉེར་བཞིན་ཡོད་ལ། སྔོ་ཚོད་འདེབས་འཛུགས་དང་ཉ་རིགས་གསོ་སྤེལ་གྱི་བྱ་བར་ཕན་འབྲས་ལེགས་པོ་བྱུང་ཡོད་དེ། མིག་སྔའི་བར་གཞི་རྒྱ་ཆེ་བའི་སྔོ་ཚོད་འདེབས་འཛུགས་ཀྱི་དྲོད་ཁང་དྲུག་དང་ཉ་རིགས་གསོ་སྤེལ་ཁང་བཅུ་བཅས་གསར་དུ་བཙུགས་ཡོད་ལ། དེས་ཚོང་རའི་དགོས་མཁོ་བསྐང་བའི་རྨང་གཞི་སྟེང་མི་དམངས་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཡང་རོགས་འདེགས་ཆེན་པོ་བྱས་ཡོད་པ་རེད།
ལོ་ཁྲའོ་ཡང་གིས་གཙན་ཚ་རྫོང་གི་སྔོ་ཚོད་འདེབས་འཛུགས་དང་ཉ་རིགས་གསོ་སྤེལ་གྱི་བྱ་བར་གདེངས་འཇོག་ཚད་མཐོན་པོ་བྱས་པར་མ་ཟད། ད་དུང་ཚལ་སླེའི་བཟོ་སྐྲུན་ནི་མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་དགོས་མཁོ་དང་ལུས་ཕུང་བདེ་ཐང་། ཡོང་སྒོ་འཕར་བ་བཅས་ལ་འབྲེལ་བ་དམ་ཟབ་ཡོད་པས་ང་ཚོས་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས་ལ། མི་དམངས་མང་ཚོགས་ལ་དངོས་གནས་ཕན་འབྲས་ཐོབ་ཐུབ་པར་བྱ་དགོས་ཟེར། །