ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཡིས་ཞིང་ཆེན་སྲིད་གྲོས་མི་གྲངས་དང་ཐོན་ཁུངས་ཁོར་ཡུག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁག་ཅིག་ཁྲིད་ནས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་རུ་སོང་སྟེ་མཚོ་སྔོན་ཞིང་ཆེན་གྱི་མིའི་ཐབས་ཀྱི་ཆར་ཕབ་པའི་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས།
ལྟ་ཞིབ་ཚན་ཆུང་གིས་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཐད་ཀྱི་གནོད་འགོག་གནོད་སྐྱོབ་དང་མིའི་ཐབས་ཀྱི་ཆར་ཕབ་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། མིའི་ཐབས་ཀྱི་ཆར་ཕབ་པའི་གཞུང་སྒྲུབ་ཁང་དང་། བརྙན་འཕྲིན་གྱི་གནམ་གཤིས་སྔོན་བརྡའི་སྒྲིག་བཟོ་ལྟེ་གནས་སོགས་སྡེ་ཁག་ཏུ་འཚམས་འདྲི་བྱས་པ་མ་ཟད། ལི་ཏུའུ་རྫོང་གི་མིའི་ཐབས་ཀྱི་ཆར་ཕབ་སར་སོང་ནས་ཡུལ་དངོས་སྦྱོང་བརྡར་ལ་བལྟས།
མཱ་ཀྲི་ཝེ་ཡིས་བཤད་རྒྱུར། གནམ་གཤིས་བྱ་བ་དེ་ཐོན་སྐྱེད་འཚོ་བའི་ཕྱོགས་སོ་སོ་དང་འབྲེལ་ཡོད་པ་དང་། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་གནས་གཤིས་ཐད་ཀྱི་གནོད་འགོག་གནོད་སྐྱོབ་དང་མིའི་ཐབས་ཀྱི་ཆར་ཕབ་པའི་བྱ་བ་དེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་གནམ་གཤིས་བརྟག་དཔྱད་ཅུའུ་བཅས་ཀྱི་མགོ་ཁྲིད་ཡང་དག་འོག ཚན་རིག་ལྟར་འཕེལ་རྒྱས་གཏོང་བའི་བརྗོད་དོན་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་རྒྱུ་གཙོ་བོར་བྱེད་པ། གནོད་འགོག་གནོད་སྐྱོབ་དམིགས་འབེན་དུ་བརྩི་བ་བཅས་བྱས་ཏེ། ལས་གཞི་ཆེན་པོའི་འཛུགས་སྐྲུན་བརྒྱུད་ནས། མཚོ་སྔོན་གྱི་གནམ་གཤིས་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དང་ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བདེ་འཇགས་དང་དམངས་འཚོ་ལེགས་བསྒྱུར་བྱེད་པར་འགན་སྲུང་བྱེད་པ་བཅས་བྱས་ནས། སྤྱི་ཚོགས་ཕན་འབྲས་དང་སྐྱེ་ཁམས་ཕན་འབྲས་མི་དམན་པ་བླངས་ཟེར། །