མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་ནས་བཅོས་སྒྱུར་ཟབ་སྤེལ་དང་དམངས་འཚོ་ལེགས་བཅོས་ཀྱི་བྱ་བར་ཞིབ་འཇུག་གྲོས་ཞིབ་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-06-28 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཀྱིས་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་བསྡུས་པའི་ཐེངས་ཉེར་བདུན་པའི་རྒྱུན་ལས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཉིས་སྟོང་བཅུ་བཞི་ལོའི་དཔལ་འབྱོར་ལམ་ལུགས་དང་རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་དབང་ཁེ་ལས་བཅས་ལ་བཅོས་སྒྱུར་དང་། མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་གཅིག་གྱུར་རྒན་གསོའི་ཉེན་ཚབས་ལམ་ལུགས་སོགས་བཅོས་སྒྱུར་གྱི་ལས་སྒོར་ཞིབ་འཇུག་བྱས་བར་མ་ཟད། ད་དུང་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་གནད་དོན་དང་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི། རྣམ་པ་གསར་རྐྱང་གི་སྔོ་ཚོད་འདེབས་གསོ་བཟོ་སྐྲུན་ཀྱི་འཆར་འགོད་སོགས་དམངས་འཚོ་ལེགས་བཅོས་དང་ཐད་ཀར་འབྲེལ་བའི་ལས་སྒོ་གལ་ཆེན་ཁག་ཅིག་ལའང་ཞིབ་འཇུག་ཡང་དག་བྱས།

ཚོགས་འདུ་ལས་བསྟན་དོན། ད་ལོ་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ལག་བསྟར་དངོས་འབེབས་བྱས་པའི་ལོ་ཐོག་མ་ཡིན་པས། བཅོས་སྒྱུར་གསར་སྐྲུན་གྱི་བྱ་བ་ལས་སྒོ་ཐམས་ཅད་ཀྱི་གཙོ་གནད་དུ་བཟུང་ནས། ཚན་རིག་གི་ལམ་ནས་ལམ་ཕྱོགས་ཡང་དག་ལ་འཚོལ་དཔྱོད་བྱེད་པ། འཐབ་ཇུས་དཀྱིལ་སྙིང་དུ་འཛིན་པ། ལས་སྒོའི་གཙོ་གནད་ལ་ངོས་ཟིན་ཡང་དག་འདྲོངས་བར་བྱེད་པ། གནད་འགག་གི་ལས་རིམ་ལ་འབུར་ཐོན་གྲུབ་འབྲས་ལེན་པ་བཅས་ལ་འབད་འབུངས་ཧུར་བསྐྱེད་བྱས་ཏེ། མཐར་ཁྲོམ་རའི་གསོན་ཤུགས་བསྐྱར་སྐྲུན་དང་བཅོས་སྒྱུར་གྱི་ཕན་འབྲས་མིག་མཐོང་ལག་ཟིན་ཏུ་བསྟར་བ། དཔལ་འབྱོར་འཕེལ་རྒྱས་ལ་སྒུག་ཤུགས་བཅས་བསྩོལ་དགོས། ཚོགས་ཐོག་ནས་ཉིས་སྟོང་བཅུ་བཞི་ལོའི་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ལས་སྒོའི་གཙོ་གནད་བྱ་བ་དང་། རྒྱལ་དབང་རྒྱུ་ནོར་དོ་དམ་ཨུ་ཡོན་ལྷན་ཁང་། རྒྱལ་དབང་ཁེ་ལས་གཉིས་ལ་བཅོས་སྒྱུར་མཐའ་འཁྱོལ་ཡོང་བར་བྱེད་པ། མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་གཅིག་གྱུར་རྒན་གསོའི་ཉེན་ཚབས་ལམ་ལུགས་དོན་གནས་ངང་གཏན་འབེབས་བཟོ་བ། མཁར་གྲོང་འཛུགས་སྐྲུན་བྱ་བའི་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ནུས་ཤུགས་ལ་ཡར་སྐུལ་བྱེད་པའི་བདེ་ཐང་གི་ཞབས་ཞུའི་ལས་སྒོ་ཚད་ལྡན་ཡོང་མིན་སོགས་ཀྱི་ལས་གཞིར་ཞིབ་འཇུག་བྱས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར་རྒྱལ་ཁབ་ཀྱིས་དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱ་བ་གཙོ་གནད་དུ་འཛིན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྒོ་ཀུན་ནས་མགོ་ཁྲིད་ཚན་ཆུང་ལ་བཅོས་སྒྱུར་མཐའ་འཁྱོལ་བྱེད་པའི་ལས་འགན་གཉིས་གཞིར་བཟུང་ཐོག ད་ལོ་ནས་བཟུང་སྔར་ལས་ལྷག་པའི་སྒོ་ནས་སྲིད་གཞུང་གི་འགན་ནུས་བཅོས་སྒྱུར་དང་ནོར་སྲིད་འཁོར་རྒྱུག་གི་རིན་གོང་བཅོས་སྒྱུར། མཁར་གྲོང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་ལམ་ལུགས་བཅོས་སྒྱུར་སོགས་ཁུངས་སྣེ་བདུན་གྱི་ལས་སྒོ་སོ་བདུན་བཅོས་སྒྱུར་ཟབ་སྤེལ་བྱ་བའི་གཙོ་གནད་དུ་བཟུང་སྟེ། དཔལ་འབྱོར་ལམ་ལུགས་བཅོས་སྒྱུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་དགོས་པར་མ་ཟད། ཐབས་ལམ་སྣ་མང་སྤྱད་དེ་དཔལ་འབྱོར་གྱི་དབང་བོའི་ལམ་ལུགས་ལ་སྐུལ་འདེད་དང་རྒྱལ་དབང་དཔལ་འབྱོར་ཀྱི་སྤྱིའི་འཐབ་ཇུས་ལ་སྙོམ་སྒྲིག རྒྱལ་དབང་རྒྱུ་ནོར་འཁོར་སྐྱོད་ཀྱི་རྣམ་པ་གསར་སྒྱུར། དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་གྲ་ཇེ་དག་ལ་གཏོང་བཅས་ལ་འབད་འབུངས་བྱས་ཏེ། རྒྱལ་དབང་དཔལ་འབྱོར་གྱི་གསོན་ཤུགས་བར་མ་ཆད་པར་ཇེ་དྲག་དང་། ཚོད་འཛིན་གྱི་བྱེད་ནུས་དང་ཤུགས་རྐྱེན་གཏོང་བའི་ནུས་པ་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཆེར་གཏོང་དགོས་ཟེར། དེ་མིན་ད་དུང་མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་སྤྱོད་ཀྱིན་པའི་དཔལ་འབྱོར་གྱི་ལམ་ལུགས་དང་གྲོང་སྲིད་སྤྱི་སྤྱོད་ལས་རིགས་བཅོས་སྒྱུར་གཉིས་ཟབ་སྤེལ་བྱས་ནས། མཁར་གྲོང་འཛུགས་སྐྲུན་དང་དོ་དམ་འཁོར་རྒྱུག་གི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། རྒྱལ་ཁབ་ཀྱི་བླང་བྱ་གཞིར་བཟུང་ནས་རང་ཞིང་གི་དངོས་ཡོད་གནས་ཚུལ་དམ་དུ་སྦྲེལ་ཏེ། རྣམ་པ་གསར་བའི་ཞིང་ལས་འགན་སྲུང་ཉེན་ཚབས་དང་མཁར་སྡོད་མི་དམངས་ཀྱི་འགན་སྲུང་ལམ་ལུགས་གཉིས་མཉམ་དུ་ལག་བསྟར་ཡོང་བར་སྐུལ་འདེད་བྱས་ནས། འདྲ་མཉམ་དང་གཅིག་གྱུར། ཚད་ལྡན་བཅས་ཀྱི་མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་འགན་སྲུང་མ་ལག་གྲུབ་པར་བརྩོན་དགོས་ཟེར།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། དམངས་འཚོ་འགན་སྲུང་ལེགས་བཅོས་ཀྱི་བྱ་བ་ནི་སྲིད་གཞུང་གི་རྩ་བའི་འགན་བབ་ལས་ཀ་ཡིན་པས། སྤྱིར་ན་མིག་སྔའི་དཔལ་འབྱོར་ཀྱི་གནས་བབ་མར་འགྲིབ་ཀྱིན་པའི་ཐད་དུ་གནོན་ཤུགས་ཅུང་ཆེ་ཁར། ནོར་སྲིད་བགོ་འགྲེམ་གྱི་འགལ་ཟླ་འབུར་ཐོན་ཡིན་ནའང་། ང་ཚོས་ཐབས་བརྒྱ་ཇུས་སྟོང་འཐེན་ནས་དམངས་དཀྱུས་མའི་ལས་དོན་ཡོད་རྒུ་འཐུས་སྒོ་ཚང་བའི་ངང་བསྒྲུབ་རྒྱུར་འབད་དགོས་པ་དང་། དམངས་ཀྱི་ལས་དོན་མཐའ་འཁྱོལ་བསྒྲུབ་པར་འབད་དེ། དམངས་འཚོ་ལེགས་བཅོས་ཀྱི་རིམ་སྤོར་པར་གཞི་འཛུགས་པར་ནུས་ཤུགས་གང་ཡོད་འདོན་དགོས་ཟེར། ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལོ་ཕྱེད་རིང་གི་ལས་ཞུགས་གནད་དོན་དང་འབྲེལ་ཡོད་མི་དོན་ལས་ཁུངས་ཀྱིས་མི་སྣ་བསྡུ་ལེན་བྱས་པའི་བྱ་བའི་གནས་ཚུལ་ལ་ཉན་རྗེས། ཉིས་སྟོང་བཅུ་བཞི་ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་གསར་སྐྲུན་གྱི་བྱ་བ་སྔར་ལས་དམ་པོར་བསྒྲུབ་དགོས་པའི་ངོས་ཐད་ནས་ཞིབ་འཇུག་བྱས་པའི་བསམ་འཆར་ལ་ཉན་རྗེས། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་མ་མཐའི་འགན་སྲུང་གི་ཚད་གཞི་ཇེ་མཐོར་གཏོང་བ་དང་རྣམ་པ་གསར་བའི་སྔོ་ཚོད་འདེབས་གསོའི་བཟོ་སྐྲུན་སོགས་ཀྱི་ལས་གཞིར་གྲོས་ཞིབ་བྱས་ནས། ལས་ཞུགས་ཀྱི་སྲིད་ཇུས་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་དངོས་འབེབས་ཡོང་བར་བྱེད་པ་དང་། སློབ་མཐར་ཕྱིན་རྗེས་བྱ་བ་མ་རེག་པའི་མཐོ་རིམ་མཐར་ཕྱིན་སློབ་མར་ལས་གཞི་གསར་སྐྲུན་བྱེད་པར་སྣེ་སྟོན་དང་འཆར་འགོད་བཟོ་དགོས་པར་བླང་བྱ་ནན་མོ་བཏོན་མཐར། མཐར་ཕྱིན་སློབ་མས་རྣམ་པ་གསར་རྐྱང་གི་ལས་སྒོ་གསར་སྐྲུན་བྱེད་ཐུབ་པ་དང་། མཁར་གྲོང་དབུལ་ཕོངས་སྡོད་དམངས་ཀྱི་རོགས་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། ལས་ཞུགས་ཀྱི་གནད་དོན་ཇེ་བཟང་ལ་གཏོང་བ་བཅས་ཀྱི་བྱ་བའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཟེར། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག