མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མཚོ་ནུབ་ཁུལ་གཏེར་ལེན་ཁ་གནམ་ཐང་ལས་མཇུག་འགྲིལ་ནས་གནམ་གྲུ་ཤར་གཏོང་ཐུབ་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:57

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་8དང་སྐར་མ་50ཡི་ཐོག་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་ཞིག་གསར་སྐྲུན་བྱས་པའི་གཏེར་ལེན་ཁ་གནམ་ཐང་དུ་དལ་པོའི་ངང་བབས་པ་དེ་ཐོག་ནས་མཚོ་ནུབ་ཀྱི་གཏེར་ལེན་ཁ་གནམ་ཐང་ལས་མཇུག་འགྲིལ་ནས་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད་པ་རེད།གཟབ་མཆོར་སྤྲས་པའི་ས་གནས་དེ་གའི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་པ་དང་དཀར་གཙང་ཁ་བཏགས་ཕུལ་ནས་ཐུན་མོང་མ་ཡིན་པའི་བྱེད་ཐབས་ཐོག་ནས་ཐག་རིང་གི་མགྲོན་པོ་དང་རེ་སྒུག་བྱེད་པའི“ལྷ་གྲུར”དགའ་བསུ་ཞུས་པ་རེད།

    གཏེར་ལེན་ཁ་དམངས་སྤྱོད་གནམ་ཐང་ནི“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་མཚོ་སྔོན་ཞིང་ཆེན་གྱི་གནད་ཆེའི་འཛུགས་སྐྲུན་རྣམ་གྲངས་དང་མཚོ་སྔོན་ཞིང་ཆེན་གྱི“གཙོ་བོ་གཅིག་དང་གཞོགས་འདེགས་བརྒྱད”ཀྱི་གནམ་ཐང་ཁྱབ་ཚུལ་ནང་འཛུགས་སྐྲུན་བྱས་པའི་གནམ་ཐང་བཞི་པ་ཡིན་ཞིང་།གཏེར་ལེན་ཁ་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་གནས་པའི་གནམ་ཐང་དེ་གྲོང་ཁྱེར་ལྟེ་ཁུལ་དང་དྲང་ཐིག་བར་ཐག་སྤྱི་ལེ་29ཡོད་པ་རེད།སྤྱིའི་མ་འཇོག་སྒོར་དུང་ཕྱུར་6.3བྱས་པའི་འཕུར་སྐྱོད་ཁུལ་དེ་རིམ་པ་4Cལྟར་ཇུས་འགོད་བྱས་པ་དང་རྒྱུག་ལམ་གྱི་རིང་ཚད་སྨི་3000ཡོད་པས་B737— 700དང་A319དང་དེ་བཞིན་ARJ21སོགས་ཀྱི་གནམ་གྲུ་འཕུར་བབས་ཐུབ་པ་དང་།འཕུར་སྐྱོད་ས་ཚིགས་ཁུལ་དེ་2020ལོར་འགྲུལ་པ་མི་ཐེངས་ཁྲི་16སྐྱེལ་འདྲེན་ཐུབ་པའི་དམིགས་ཚད་ལྟར་ཇུས་འགོད་བྱས་པ།འཕུར་སྐྱོད་ས་ཚིགས་ཐོག་བརྩེགས་ཁང་ཆེན་གྱི་གཞི་ཁྱོན་སྨི་གྲུ་བཞི་མ་4400ཡོད་པ།གནམ་གྲུ་འཇོག་ས་4ཇུས་འགོད་བཅས་བྱས་པ་རེད།ལས་གྲྭ་དེ་2011ལོའི་ཟླ་5ཚེས་27ཉིན་སྐྲུན་འགོ་ཚུགས་པ་དང་2014ལོའི་ཟླ་1ཚེས་23ཉིན་ཆེད་མངགས་ཀྱི་ཞིབ་དཔྱད་སྒྲིག་ཆས་སྒྲིག་སྦྱོར་བྱས་པའི་གནམ་གྲུས་ཞིབ་དཔྱད་བྱས་པ་དང་ཟླ་3ཚེས་5ཉིན་ཚོད་ལྟའི་འཕུར་སྐྱོད་ལེགས་གྲུབ་བྱུང་བ་དང་འབྲེལ་ལས་རིགས་ཀྱི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།གཏེར་ལེན་ཁ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་ཡིན་ཞིང་།ཀན་སུའུ་དང་།མཚོ་སྔོན།ཤིན་ཅང་།བོད་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་ལྟེ་གནས་སུ་གནས་པའི་མཚོ་ནུབ་ཁུལ་དེ་ནང་ས་ནས་བོད་དུ་འགྲོ་འོང་བྱེད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་ལ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་སྲུང་སྲ་བརྟན་དུ་གཏོང་བའི་རྒྱབ་ཕྱོགས་འགན་ལེན་གྱི་རྟེན་གཞི་ཞིག་ཀྱང་ཡིན་པ་རེད།ས་ཁོངས་ནང་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་ད་ཆ་བསྐྲུན་ཟིན་པའི་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ནང་གཏེར་ལེན་ཁ་དང་།གོར་མོ།བོས་ལ།ཚྭ་འདམ་ཆེན་པོ་བཅས་བཟོ་ལས་གླིང་ཁུལ་བཞི་དང་ཚྭ་མཚེའུ་ཡི་རྫས་འགྱུར་བཟོ་ལས་དང་།རྡོ་སྣུམ་རང་བྱུང་སོལ་རླངས།མདོག་ལྡན་ལྕགས་རིགས།རྡོ་སོལ།འཛུགས་སྐྲུན་རྒྱུ་ཆ་དང་དེ་བཞིན་ཞིང་འབྲོག་ཐོན་རྫས་བཅས་གཙོ་བོ་བྱེད་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    གཏེར་ལེན་ཁ་ནས་ཟི་ལིང་དུ་འཕུར་སྐྱོད་བྱེད་པར་ཆུ་ཚོད་སྐར་མ་45ལས་འགོར་གྱི་མེད་པ་དང་ཆུ་ཚོད་གསུམ་ནང་པེ་ཅིང་དུ་འབྱོར་གྱི་ཡོད་པ་རེད།གཏེར་ལེན་ཁ་གནམ་ཐང་བསྐྲུན་ཟིན་ནས་གནམ་གྲུ་ཤར་གཏོང་ཐུབ་པ་དེ་ལས་མཚོ་བོད་ས་མཐོའི་མཁའ་འགྲུལ་དྲ་བ་དང་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་ཡིན་པ་རེད།དམངས་སྤྱོད་མཁའ་འགྲུལ་ནུབ་བྱང་ས་ཁུལ་དོ་དམ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཁྲའེ་ཏུའོ་ཧྲན་གྱིས“གཏེར་ལེན་ཁ་གནམ་ཐང་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནུས་པ་དང་ས་ཁོངས་གྱི་འགྲན་ནུས་ཆེ་རུ་འགྲོ་བར་སྔར་བས་སྐུལ་མ་ཐེབས་རྒྱུ་ཡིན་ལ་མཚོ་སྔོན་ཞིང་ཆེན་གྱི་མཁའ་འགྲུལ་འགྲིམ་འགྲུལ་དྲ་བ་དང་།དེང་རབས་ཅན་དང་འབུར་གཟུགས་ཅན་གྱི་འགྲིམ་འགྲུལ་མ་ལག་འཐུས་ཚང་དུ་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད”ཅེས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག