མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་དེ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-18 10:57

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།ཟླ་6ཚེས་6ཉིན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཞིང་ཆེན་ནགས་ལས་ཐིང་དང་མཉམ་འབྲེལ་བྱས་ཏེ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཕྱི་ནང་གི་སྨྱན་སྦྱོར་ལ་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་ཐོན་ཁུངས་བརྟག་དཔྱད་བྱེད་ཐེངས་གཉིས་པའི་འབྲས་བུ་བརྡ་ཁྱབ་བཏང་བ་རེད།བརྟག་དཔྱད་འབྲས་བུའི་ནང་མཚོ་སྔོན་ཞིང་ཆེན་གྱི་འདམ་རའི་ཐོན་ཁུངས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་814.36ཟིན་པ་དེས་རྒྱལ་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི་15.19%བཟུང་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་མཚོན་པ་རེད།

    ཞིང་ཆེན་དེ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་མཐིལ་རྟོགས་བྱེད་པ་དང་།དེའི་རིམ་འགྱུར་དང་འགུལ་ཚུལ་གྱི་ཆོས་ཉིད་ཁོང་དུ་ཆུད་པ།འདམ་རའི་སྣོད་བཅུད་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་སྲུང་སྐྱོབ་བྱེད་པ་བཅས་བྱ་ཆེད་རྒྱལ་ཁབ་ནགས་ལས་ཅུས་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་།ཞིང་ཆེན་ནགས་ལས་ཐིང་གིས་2011ལོའི་ཟླ་8པ་ནས་2013ལོའི་ཟླ་12བར་འདམ་རའི་ཐོན་ཁུངས་བརྟག་དཔྱད་བྱེད་ཐེངས་གཉིས་པའི་ལས་དོན་སྤེལ་བ་རེད།བརྟག་དཔྱད་འབྲས་བུའི་ནང་མཚོ་སྔོན་གྱི་འདམ་རའི་ཐོན་ཁུངས་ཐད་རིགས་མང་བ་དང་གདོད་མའི་སྣོད་བཅུད་མ་ལག་གི་ནུས་པ་ཆེ་བའི་ཁྱད་ཆོས་ལྡན་ཡོད་པ་དེ་ནི་རང་རྒྱལ་དང་ཐ་ན་འཛམ་གླིང་ཐོག་གི་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་སྣོད་བཅུད་སྙོམས་སྒྲིག་ཁུལ་ཞིག་རེད།ཞིང་ཆེན་དེ་ཡོངས་སུ་ཁྱབ་པའི་འདམ་ར་རིགས་ཆེན་པོ་4དང་ཁག་17ཡོད་པ་དེའི་ནང་འདམ་རྫབ་འདམ་ར་སྤྱི་ཆིང་ཁྲི་564.54དང་།མཚེའུ་ཡི་འདམ་ར་སྤྱི་ཆིང་ཁྲི་147.03 རྒྱུག་ཆུའི་འདམ་ར་སྤྱི་ཆིང་ཁྲི་88.53 མི་ཐབས་ལ་བརྟེན་པའི་འདམ་ར་སྤྱི་ཆིང་ཁྲི་14.26བཅས་ཡོད་པ་མཚོན་ཡོད།

    2001ལོའི་བརྟག་དཔྱད་བྱེད་ཐེངས་དང་པོ་དང་བསྡུར་ཚེ་མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་དེ་སྤྱི་ཆིང་ཁྲི་412.6ནས་སྤྱི་ཆིང་ཁྲི་814.36བར་ཆེ་རུ་ཕྱིན་པ་དེའི་རྒྱུ་མཚན་ནི་བརྟག་དཔྱད་ཁྱབ་ཁོངས་དང་།རྣམ་པ།བྱེད་ཐབས་བཅས་མི་འདྲ་བ་ཕུད་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པའི་རྐྱེན་གྱིས་འཁྱག་རོམ་བཞུར་བ་མ་ཟད་མཚོ་སྔོན་གྱི་ནགས་ལས་སྣོད་བཅུད་སྲུང་སྐྱོང་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པའི་རྒྱུ་རྐྱེན་ཡང་ཡོད།མིག་སྔར་ཞིང་ཆེན་དེ་ཡོངས་ཀྱི་འདམ་རའི་ཁྲིམས་བཟོ་བའི་ཐད་ཚད་བརྒལ་འགངས་ཆེན་བྱུང་བ་དང་འདམ་རའི་དོ་དམ་སྒྲིག་གཞི་འཛུགས་པའི་ཐད་འཕེལ་རྒྱས་ཡག་པོ་བྱུང་ཐོག་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ལས་གྲྭས་སྐུལ་ཁྲིད་བྱས་པའི་འདམ་ར་འཛུགས་སྐྲུན་ལ་གོམ་སྟབས་བརྟན་པོས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག