མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“ངས་ཧྲུའུ་ཅིར་ཏང་གི་སློབ་ཚན་འཁྲིད་རྒྱུ་ཡིན”

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་ཀྱིས་འཐབ་ཕྱོགས་དང་པོའི་གཞི་རིམ་གྱི་ཏང་ཡོན་དགེ་རྒན་དུ་བསྟེན་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-17 10:53

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུ་བ་ལང་ལོང་དུ་འཕྱུར་བའི་ཁང་པའི་ནང་ནས་དངངས་སྐྲག་གི་གནས་སུ་གྱར་བའི་ཕྲུ་གུའི་ངུ་སྒྲ་གྲགས་ཡོང་བས་ཀྲང་ཡུང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཐོག་སོ་གཉིས་པར་ཕྱིན་པས་ཉི་གཡབ་ཐོག་ཕྲུ་གུ་བུ་ཞིག་ལུས་པོ་ཁུམས་ནས་ལུས་པ་མཐོང་།ཚག་སྒྲ་དང་བཅས་ཀྲང་ཡུང་གིས་ཤུགས་ཆེན་པོས་རྐུན་འགོག་སྒེའུ་ཁུང་གི་ལྕགས་དྲ་བཀོག་ནས་ཕྲུ་གུ་དེ་པང་དུ་བླངས།ཐོག་སོ་གཉིས་པ་ནས་བབས་རྗེས་རང་གི་ལག་པ་ཁྲག་གིས་ཁེངས་པ་དང་སེན་མོ་ཆག་པ་དང་མཛུབ་མོ་གསུམ་རུས་ཆག་ཤོར་བ་ཤེས་རྟོགས་བྱུང་ཡོད་ཅེས་ཟླ་6ཚེས་15ཉིན་གྱི་གཟའ་ཉི་མར་ཟི་ལིང་གྲོང་ཁྱེར་རྒྱུན་ལས་ཨུ་ལྷན་གྱི་ཚོགས་ཁང་ནང་མི་རྣམས་ཀྱིས་ཁ་ཁུ་སིམ་མིར་མཛད་རྗེས་སྙན་ཞུ་ཉན་ནས་ཡོད་ཅིང་།ཟི་ལིང་གྲོང་ཁྱེར་སྤྱི་བདེ་མེ་ཟོན་མེ་གསོད་ཉིང་ལག་རུ་ཁག་གི་འཐབ་འཛིང་པ་མོང་ཀྲི་ལིང་གིས་རང་གི་ལས་རོགས་ཀྲང་ཡུང་གིས་རབ་ཏུ་འབར་བའི་མེ་ལྕེའི་ཉེན་ཁར་མ་འཛེམས་པར་གཞན་གྱི་སྲོག་སྐྱོབ་ཚུལ་བརྗོད་སྐབས་འདི་གར་ཡོད་པའི་མི་རྣམས་སེམས་འགུལ་ཐེབས།

    དེ་ནི་དམིགས་བསལ་གྱི་སློབ་ཚན་ཞིག་ཡིན་ཞིང་།བཤད་ཁྲིད་བྱེད་མཁན་ནི་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཏང་ཡོན་བཞི་ཡིན་པ་དང་སློབ་ཚན་ཉན་མཁན་ནི་ཧྲུའུ་ཅི་དང་ཧྲི་ཀྲང་སོགས་ཟི་ལིང་གྲོང་ཁྱེར་གྱི་ཚན་ཁག་ཆེན་པོ་བཞིའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པ་དང་གཞི་རིམ་གྱི་ཏང་ཡོན་བཞི་ཚུད་པའི་གཞི་རིམ་གྱི་ཏང་ཡོན་ཚོས་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་དཔེ་བཟང་མཛད་རྗེས་ངོ་སྤྲོད་བྱས།

    “མང་ཚོགས་ལ་སྣེ་ལེན་ཞུ་སྐབས་ངས་རང་གིས་རང་ལ་མང་ཚོགས་ལ་རྣམ་འགྱུར་ཡག་པོ་སྟོན་དགོས་པའི་རེ་བ་འདོན་གྱི་ཡོད།རྣམ་འགྱུར་ཡག་པོ་བསྟན་ཚེ་བརྩེ་སེམས་མངོན་ཐུབ་པ་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་འགྲོ་གི་ཡོད།དེ་ལྟར་བྱས་ཚེ་མང་ཚོགས་ཀྱི་ཡིད་ཆེས་ཐོབ་རྒྱུར་ཕན་པའི་ཁར་ཁྲིམས་ལྟར་གནད་དོན་ཐག་གཅོད་ཐུབ་ཀྱི་འདུག”ཅེས་ཟི་ལིང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་གཏུག་བཤེར་ལས་དོན་མི་སྣ་ཧྲ་ཕུང་གིས་མྱོང་ཚོར་ཟབ་མོའི་ངང་བརྗོད་པ་དང་ཁོང་གིས“ང་ཚོས་མང་ཚོགས་ལ་སེམས་རྩ་འཁོལ་པོ་དང་ངང་རྒྱུད་རིང་པོའི་ངང་བྱ་བ་མང་ཙམ་བསྒྲུབས་ན་མི་སེར་ཚོས་གཞི་ནས་རང་འགུལ་ངང་ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཆེན་པོ་བྱེད་སྲིད”ཅེས་བརྗོད།

    ཧོང་ཡོན་རྫོང་ཞའོ་ཀའོ་ལིན་གྲོང་ཚོའི་སྤྱི་ཁྱབ་ཏང་ཀྲི་པུའི་ཚན་ཁག་མི་སྣས“གསེར་དང་དངུལ་གྱི་བྱ་དགའ་ལས་མང་ཚོགས་ཀྱི་བསྔགས་བརྗོད་ལྷགང་ཚོས་མང་ཚོགས་ལ་བྱ་བ་དངོས་ཕྲན་བུ་བསྒྲུབས་ཕྱིན་ཁོང་ཚོས་བརྗེད་ཀྱི་མེད།ཁོང་ཚོས་ཡག་པོ་འདུག་ཅེས་མི་བརྗོད་ཀྱང་ང་ཚོའི་ལག་དམ་པོར་འཇུ་གི་ཡོད”ཅེས་བརྗོད་པ་དང་ཁོང་ཚོས་མང་ཚོགས་ཀྱི་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱས་ནས་ཡུལ་མི་རྣམས་གྲོང་ཁྱེར་ནང་གི་མི་ལྟར་འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ་བྱས་ཡོད་ལ་མང་ཚོགས་ཚོས་ཀྱང་ཕྱུག་པོ་ཆགས་པ་བྱེད་པར་ཏང་ཀྲི་པུའུ་ཡག་པོ་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད་ཀྱི་ཡོད།

    “སྡེ་ཁུལ་གྱི་ལས་ཀ་མང་ལ་འགོ་འཛུགས་དཀའ།ཡིན་ནའང་ང་ཚོས་སེམས་རྩ་འཁོལ་པོའི་ངང་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུས་ཕྱིན་ལས་དོན་མཐའ་དག་ལམ་ལྷོངས་ཡོང་གི་འདུག”ཅེས་ནན་ཧྲན་ཤིས་སྡེ་ཁུལ་གྱི་ལས་དོན་མི་སྣ་མ་ལན་གྱིས་བརྗོད་པ་དང་།ཁོ་མོ་ནི་ལོ་རབས་བརྒྱད་ཅུ་པའི་རྗེས་སུ་སྐྱེས་པའི་སློབ་ཆེན་ཐོན་པའི་གྲོང་དཔོན་ཞིག་ཡིན་པ་དང་སྡེ་ཁུལ་ནང་ཁོ་མོ་ལས་བྱེད་པ་རྒན་གྲས་སུ་བརྩི་གི་ཡོད།ན་ནིང་ལུགས་རྙིང་ཟླ་དང་པོའི་ཚེས་ལྔ་ཉིན་སྡེ་ཁུལ་གཞུང་ལས་ཁང་དུ་ཕྲུ་གུ་ཞིག་གིས་ངུ་བཞིན་དུ་རྨོ་བོ་གློ་བུར་དུ་གྲོངས་སོང་ཞེས་པའི་ཁ་པར་ཞིག་འབྱོར།རྨོ་བོ་དེའི་ཕྲུ་གུ་བུ་མོས་དུག་འཐེན་པའི་དབང་གིས་ངལ་རྩོལ་སློབ་གཅུན་བྱས་པས་རྨོ་བོ་དང་ཚ་མོ་གཉིས་གཅིག་ལ་གཅིག་རྟེན་ངང་འཚོ་བ་སྐྱེལ་གྱི་ཡོད།ཁ་པར་འབྱོར་རྗེས་སྡེ་ཁུལ་གྱི་ལས་དོན་མི་སྣས་འཕྲལ་དུ་མི་སྣ་རོགས་པ་བྱེད་པར་མངགས་པ་དང་འབྲེལ་ངལ་རྩོལ་སློབ་གཅུན་སུའོ་དང་མཐུན་སྦྱོར་གྱིས་རྒན་མོའི་བུ་མོ་ཁྱིམ་དུ་ལོག་ནས་རྒན་མོའི་རྗེས་མཇུག་ཡག་པོ་བསྒྲུབ་རྒྱུའི་བཀོད་སྒྲིག་བྱས།ལུགས་རྙིང་ཟླ་དང་པོའི་ཚེས་དགུ་ཉིན་འདས་མཇུག་ཡག་པོ་བསྒྲུབས་རྗེས་རྒན་མོའི་བུ་མོ་དེས་ཉེན་རྟོག་རླངས་འཁོར་དུ་མ་འཛེགས་གོང་སྡེ་ཁུལ་ལས་དོན་མི་སྣའི་མདུན་དུ་པུས་མོ་བཙུགས་ནས“ཁྱེད་རྣམ་པས་ངའི་ཨ་མའི་རྗེས་མཇུག་བསྒྲུབ་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ངས་སྒྱུར་བཅོས་ཡག་པོ་གཏོང་གི་ཡིན”ཞེས་བརྗོད།

    “ཐེངས་ཤིག་ཚོང་ར་ཆེན་པོ་ཞིག་ལ་མེ་ཤོར་སྐབས་ཀྲང་ཡུང་གིས་ལས་མི་ཚོའི་སྣེ་ཁྲིད་དེ་མེ་ལྕེའི་ཁྲོད་མི་སྐྱོབ་པར་བསྐྱོད་སོང་།ཉེ་འདབས་ཀྱི་སྤྲིན་ཟམ་ཞིག་གི་ཐོག་ཁོང་གི་བཟའ་ཟླས་ལོ་དགུ་ལ་སོན་པའི་བུ་མོ་ཁྲིད་ནས་ཁ་ཁུ་སིམ་མེར་ཀྲང་ཡུང་དང་ཁོང་གི་འཐབ་གྲོགས་བདེ་ཐང་ངང་ལོག་ཡོང་རྒྱུ་སྒུག་ནས་ཡོད།ཁོང་གི་བཟའ་ཟླས“ཀྲང་ཡུང་ལས་དོན་སྒྲུབ་པར་སྐྱོད་རིམ་བཞིན་ང་ཚོ་དངངས་སྐྲག་གི་གནས་སུ་གྱར་གྱི་འདུག”ཅེས་བརྗོད་ལུགས་མོང་ཀྲེ་ལུང་གིས་ངོ་སྤྲོད་བྱེད་སྐབས་གཤམ་འོག་ཏུ་ཉན་མཁན་འགའ་ཞིག་གིས་ཤོག་བུས་མིག་ཆུ་ཕྱིས།

    ཏང་གི་སློབ་ཚན་ཆུ་ཚོད་གཅིག་ལྷག་ཙམ་འཚོགས་པ་དང་།སློབ་ཚན་གྲོལ་རྗེས་གྲོང་ཨུད་ཀྱི་འགོ་ཁྲིད་མི་སྣ་མང་པོ་ཞིག་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཏང་ཡོན་བཞིའི་ལག་ནས་དམ་པོར་འཇུས་པ་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཟི་ལིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས“དེ་རིང་དགོང་དྲོ་གྲོང་ཨུད་ཏང་ཨུད་ཚན་ཁག་གིས་སློབ་གསོ་ལག་ལེན་བྱེད་སྒོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་རྒྱུ་ཡིན་པས་སྔོན་ལ་ཁྱེད་ཚོས་གཏམ་བཤད་སྤེལ་རོགས།ཁྱེད་ཚོ་དང་ཞིབ་བསྡུར་བྱས་ནས་ཧེ་བག་འཚོལ་རྒྱུ་ཡིན།བློ་མཐུན་ཚོས་ཁྱེད་ཚོ་བརྒྱུད་མང་ཚོགས་དང་འབྲེལ་འདྲིས་མང་ཙམ་བྱེད་པ་དང་།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་བློ་ཁོག་ཆེ་རུ་གཏོང་བ།མང་ཚོགས་ལ་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ལ་ལས་ཀའི་སྤྲོ་སེམས་དེ་བས་འཕེལ་བར་བྱེད་དགོས”ཞེས་བརྗོད་པ་དང་།གྲོང་ཨུད་ཀྱི་འགོ་ཁྲིད་ཅིག་གིས་ཀྱང་ད་དུང“མང་ཚོགས་ལ་ཞབས་འདེགས་ཞུ་བར་ལས་རིགས་དང་གོ་གནས་ཀྱི་དབྱེ་བ་མེད་པས་ཁྱེད་ཚོར་སློབ་སྦྱོང་ཞུ་རྒྱུ་ཡིན”ཞེས་བརྗོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག