མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་གློག་ཀླད་སྟེང་ནས་ད་ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་བརྒྱ་ཆའི་སུམ་ཅུ་ལ་བལྟས་ཟིན་པ་དང་། ཟླ་དྲུག་པའི་ཚེས་བཅུ་དགུའི་སྔོན་བར་རྒྱུགས་ཤོག་ཡོངས་ལ་བལྟས་ཚར་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  2014-06-14 12:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྨྱན་བྱེད་གསར་འགོད་པ་དང་རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་སྐོར་ཞིག་རྩ་འཛུགས་བྱས་ནས། གློག་ཀླད་སྟེང་ནས་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བལྟ་བཞིན་པའི་ཡུལ་དངོས་སུ་ཁྲིད་ཏེ་གནས་ཚུལ་གསལ་བོར་རྒྱུས་ལོན་དང་ལྟ་རྟོག་བྱེད་དུ་བཅུག ཤེས་གསལ་ལྟར་ན། ད་ལོའི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བལྟ་མཁན་སྡེ་ཁག་གིས་བརྒྱ་ཆའི་སུམ་ཅུའི་ལས་འགན་འགྲུབ་ཡོད་ལ། ཟླ་དྲུག་པའི་ཚེས་བཅུ་དགུའི་སྔོན་དུ་རྒྱུགས་ཤོག་ལ་བལྟས་ཚར་རྒྱུ་རེད།

    ཞིང་ཆེན་སློབ་བསྡུ་གཞུང་སྒྲུབ་ཁང་གི་བཀོད་སྒྲིག་ལྟར། ད་ལོའི་གློག་ཀླད་སྟེང་ནས་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་ལས་འགན་དེ་སྔར་བཞིན་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་འགན་ཁུར་ཡོད་ལ། འདི་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་ཐེངས་དྲུག་པར་གློག་ཀླད་སྟེང་ནས་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་འགན་དང་ལེན་བྱས་པ་རེད། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་ད་ལོའི་རྒྱུགས་ཤོག་ལ་བལྟ་བའི་བྱ་བ་བདེ་བླག་ངང་ལེགས་འགྲུབ་འབྱུང་ཆེད། སློབ་གཙོས་ཚོགས་གཙོའི་འགན་བཞེས་ཡོད་པའི་མགོ་ཁྲིད་ཚན་ཆུང་ཞིག་ཆེད་དུ་བཙུགས་ནས། དེའི་མངའ་འོག་ཏུ་རྒྱ་ཡིག་དང་རྩིས་རིག དབྱིན་ཡིག་བཅས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་ཚོགས་པ་དང་། དེ་མིན་རྒྱ་ཡིག་གི་ཕྱོགས་བསྡུས་རིག་ཚན་ཏེ་ལོ་རྒྱུས་དང་ཆབ་སྲིད། ས་ཁམས་བཅས་དང་། རྒྱ་ཡིག་གི་ཕྱོགས་བསྡུས་རྩིས་ཚན་ཏེ་རྫས་འགྱུར་དང་སྐྱེ་དངོས། དངོས་ལུགས་བཅས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་ཚོགས་པ། ད་དུང་བོད་ཡིག་དང་བོད་ཡིག་གི་ཕྱོགས་བསྡུས་རིག་ཚན་ཏེ་ལོ་རྒྱུས་དང་ས་ཁམས། བོད་ཡིག་གི་ཕྱོགས་བསྡུས་རྩིས་ཚན་སྟེ་རྫས་འགྱུར་དང་སྐྱེ་དངོས་ཀྱི་རྒྱུགས་ཤོག་ལ་བལྟ་བའི་ཚོགས་པ་སོགས་ཁྱོན་བསྡོམས་རྒྱུགས་ཤོག་ལ་བལྟ་མཁན་རིག་གནས་ཚན་ཁག་བཅུ་རྩ་འཛུགས་བྱས་ནས་རྒྱུགས་ཤོག་ལ་བལྟ་བའི་བྱ་བ་གཟབ་ནན་དང་དྲང་བདེན་ངང་སྒྲུབ་བཞིན་ཡོད།     ཤེས་གསལ་ལྟར་ན། ད་ལོ་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཀྱི་རྒྱུགས་ཤོག་འབུམ་གཅིག་དང་ཁྲི་བཞི་སྟོང་གསུམ་བརྒྱ་གྱ་དྲུག་ཡོད་པ་དེ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་གློག་ཀླད་ཁང་བདུན་གྱི་ནང་གི་གློག་ཀླད་བཞི་བརྒྱ་བཅུ་ཡི་སྟེང་ན་ཆེད་དུ་རྒྱུགས་ཤོག་ལ་བལྟ་བཞིན་ཡོད། རྒྱུགས་ཤོག་ལ་བལྟ་སའི་ཁོག་ཡུག་ཀུན་དམ་རྒྱ་བྱས་ཡོད་པ་དང་། རྒྱུགས་ཤོག་ལ་བལྟ་མཁན་འབྲེལ་ཡོད་མི་སྣ་ཡོད་ཚད་ནི་ཟབ་སྦྱོང་གང་ལེགས་བྱས་ཡོད་པའི་དགེ་རྒན་ཁྲོད་ཀྱི་འབྲིང་རིམ་ལས་ཐོབ་ཅན་དང་དཔང་ཡིག་ཡོད་པའི་དགེ་རྒན་ཡིན་པར་མ་ཟད། སློབ་གསོའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་ཞིང་ད་ལོའི་རྒྱུགས་སྤྲོད་སློབ་མའི་ཁྲོད་གཉེན་ཉེ་སོགས་ཀྱི་འབྲེལ་བ་གཏན་ནས་མེད་པའི་དགེ་རྒན་ཚད་ལྡན་རྐྱང་རྐྱང་ཡིན།     རྒྱུགས་ཤོག་ལ་བལྟ་བའི་བྱ་བ་ཟླ་དྲུག་པའི་ཚེས་བཅུ་ནས་མགོ་བརྩམས་ཤིང་། ད་སྔའི་བར་ཞིང་ཆེན་ཡོངས་ཀྱི་རྒྱུགས་ཤོག་བརྒྱ་ཆའི་སུམ་ཅུ་ལྷག་ལ་བལྟས་ཚར་ཡོད་ཅིང་། ཟླ་དྲུག་པའི་ཚེས་བཅུ་དགུའི་སྔོན་དུ་རྒྱུགས་ཤོག་ལ་བལྟས་ཚར་ནས་ཟླ་དྲུག་པའི་ཚེས་ཉེར་དྲུག་ཡས་མས་སུ་མཐོ་རྒྱུགས་ལ་རྒྱུགས་སྤྲོད་པའི་སློབ་མ་དག་གི་རྒྱུགས་འབྲས་དང་སློབ་གྲྭ་སོ་སོའི་སློབ་མ་བསྡུ་བའི་སྐར་གྲངས་ཀྱི་ཚད་གཞི་བཅས་ཁྱབ་སྒྲོག་བྱེད་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག