མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་རོང་མཚོ་སྔོན་དུ་རྟོག་ཞིབ་དུ་ཕེབས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-12 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས8ཉིན་ནས་ཚེས10ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་རོང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འཕེལ་རྒྱས་ལ་རྟོག་ཞིབ་བྱས་པ་དང་། ཡུས་ཧྲུའུ་གནོད་ཕྱིའི་བསྐྱར་འཛུགས་ལ་ལྟ་ཞིབ་དང་རིགས་སོ་སོའི་མང་ཚོགས་ལ་འཚམ་འདྲི་བྱས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་དང་ཧྲིན་ཀྲང་ཧི་ཕིན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་སོགས་ཀྱིས་འགྲོ་རོགས་བྱས་ཏེ་རྟོག་ཞིབ་བྱས།

སུའུ་རོང་གིས་གནོད་ཕྱིའི་ཡུས་ཧྲུའུ་ལ་སེམས་ཁུར་ཆེན་མོ་བྱེད་བཞིན་ཡོད་ལ། ཡུས་ཧྲུའུ་ས་འགུལ་བྱུང་རྗེས། ཁོས་མྱུར་ཏུ་ཞལ་འདེབས་ཕུལ་བ་དང་གློག་འཕྲིན་བཏང་ནས་འཚམ་འདྲི་བྱས། ཟླ6པའི་ཚེས9ཉིན། སུའུ་རོང་ཆེད་དུ་ཡུས་ཧྲུའུ་ལ་རྟོག་ཞིབ་བྱེད་དུ་སོང་། ཡུས་ཧྲུའུ་ས་འགུལ་རྗེས་དྲན་ཁང་དུ། གནོད་འགོག་གི་དངོས་ཟོག་རེ་རེ་དང་རྒུད་སྐྱོབ་ཀྱི་པར་རིས་རེ་རེ། བསྐྱར་འཛུགས་ཀྱི་ཡུལ་དངོས་རེ་རེས་སུའུ་རོང་འཁོར་དང་བཅས་པར་སེམས་འགུལ་ཐེབས་སུ་བཅུག དེའི་རྗེས་སུ་སུའུ་རོང་སྟག་ལྡན་རི་རྩེར་ཕྱིན་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་བརྗིད་པར་ཆགས་པའི་ཡུས་ཧྲུའུ་ཡི་རྣམ་པ་གསར་བར་རྒྱང་ལྟ་བྱས། སུའུ་རོང་གིས་བཤད་རྒྱུར། ས་འགུལ་གྱི་སྔ་རྗེས་བསྡུར་རྗེས། ཡུས་ཧྲུའུ་གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱིའི་བསྐྱར་འཛུགས་གྱི་གོ་རིམ་གྱིས་སྔར་ལས་ལྷག་པའི་སྒོ་ནས་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་ལ་ངོས་འཛིན་ཟབ་མོ་སྐྱེས་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆར་བདེན་དཔང་བྱེད་ཐུབ་ཟེར།

སུའུ་རོང་གིས་ད་རུང་ཟི་ལིང་གི་ཁེ་ལས་སྐོར་ཞིག་ལ་རྟོག་ཞིབ་བྱས། མཚོ་སྔོན་བོད་ལུག་ས་གདན་ཚོགས་སྒྲིལ་དུ་རྟོག་ཞིབ་བྱེད་སྐབས། སུའུ་རོང་བཟོ་ཁང་དུ་སོང་བ་དང་བཟོ་རྩལ་ལ་གྲོས་འདྲི་བྱས་ཤིང་ཐོན་རྫས་ལ་ལྟ་ཞིབ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་ཁེ་ལས་ཀྱིས་ས་གནས་ཐོན་ཁུངས་ལ་རྐང་བཙུགས་ཏེ་ཁྱད་ལྡན་དཔལ་འབྱོར་དང་མི་རིགས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བདག་གཉེར་འདུ་ཤེས་ལ་གཟེངས་བསྟོད་བྱས་པ་དང་། ཁོ་ཚོར་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་བཏང་ནས་དྲ་ཐོག་ཕྱིར་བཙོང་ལ་ཤུགས་བསྣན་ཏེ་ཁེ་ལས་དར་རྒྱས་སུ་གཏོང་བར་སྐུལ་མ་བྱས། མཚོ་སྔོན་དུས་རབས་ནུས་ཁུངས་གསར་བའི་ཀུང་ཟི་ནི་གློག་གཡིས་རྒྱུ་ཆ་ཐོན་སྐྱེད་དང་ཕྱིར་འཚོང་། སྒུལ་ཤུགས་དང་གློག་ཞུ་གསར་སྤེལ། གསར་བཟོ་དང་ཕྱིར་འཚོང་བྱེད་པ་གཙོ་ཡིན་པའི་མཐོ་རིམ་ལག་རྩལ་གསར་བའི་ཁེ་ལས་ཤིག་ཡིན་ལ། ཁེ་ལས་ཀྱིས་འཛམ་གླིང་གི་སྔོན་ཐོན་ལག་རྩལ་དང་དུས་མཉམ་དུ་བསྐྱོད་བཞིན་པ་ཤེས་རྗེས་སུའུ་རོང་ལ་དགའ་སྤྲོ་སྐྱེས། ཁོས་བསྟན་དོན། མཐོ་རིམ་ལག་རྩལ་གསར་བའི་ཁེ་ལས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་གསར་སྐྲུན་གྱི་སྒུལ་ཤུགས་ལ་དམིགས་ཏེ། གསར་སྤེལ་དང་རང་བདག་གསར་སྐྲུན་གྱི་ནུས་པ་ཇེ་ཆེར་བཏང་ནས་མ་རྩ་གྲོན་ཆུང་གིས་ལག་རྩལ་གསར་བ་བྱང་ཆུབ་དགོས་ཟེར། སུའུ་རོང་གིས་ད་རུང་མཚོ་སྔོན་བོད་ལུགས་གསོ་རིག་རིག་གནས་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱས།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག