མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞིན་ཧེ་རྫོང་གིས་ཤང་སྡེའི་གཞུང་ལམ་དྲ་བ་འཐུས་ཚང་དུ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-06-09 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གི་རྩྭ་ཐང་སྟེང་། རྫོང་མཁར་རྩི་སྐོར་ཐང་ལྟེ་གནས་ཡིན་པ་དང་རྒྱལ་ལམ་214གཙོ་བོ་ཡིན་པའི་རྨ་ཆུའི་སྟོད་རྒྱུད་འགྲམ་གཉིས་ཀྱི་ཤང4དང་གྲོང་རྡལ་གསུམ་གྱི་ཤང་སྡེའི་གཞུང་ལམ་དྲ་བ་ཉིན་བཞིན་འཐུས་ཚང་དུ་བཏང་ཞིང་། སྟབས་བདེའི་འགྲིམ་འགྲུལ་སྐྱེལ་འདྲེན་གཞུང་ལམ་གྱིས་རོང་འབྲོག་མང་ཚོགས་ལ་བདེ་སྐྱིད་ཀྱི་ལམ་བུ་ཞིག་བསྐྲུན་ཡོད།

2013ལོར་ཞིན་ཧེ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར1.1བཏང་ནས་ལམ་ཐག་སྤྱི་ལེ56ཡོད་པའི་ཤང་སྡེའི་སྣུམ་ལམ་བཟོ་འགོད་དང་ལམ་ཐག་སྤྱི་ལེ74ཡོད་པའི་སྡེ་བའི་སེག་ལམ་བཟོ་འགོད2ལེགས་འགྲུབ་བྱས་ཤིང་། གཞན་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་མཉམ་འཛུགས་བྱས་པའི་སྤྱིའི་ལམ་ཐག་སྤྱི་ལེ47ཡོད་པའི་གཞུང་ལམ་སྲ་བསྒྱུར་བཟོ་འགོད7ལེགས་འགྲུབ་བྱས་པ་མ་ཟད། མུ་མཐུད་དུ་སྔར་ཡོད་ཀྱི་ཞིང་སྡེའི་གཞུང་ལམ་རིམ་པ་ཇེ་མཐོར་བཏང་སྟེ། སྣུམ་ལམ་འཛུགས་སྐྲུན་དེ་རིམ་བཞིན་མཐའ་ཁུལ་གྱི་ལུང་བཟང་དང་ཆུ་ཁོལ་བཅས་དབུལ་ཕོངས་ཤང་སྡེ་དྲངས།

གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་འཐེན་པ་མངོན་འགྱུར་བྱས་པའི་རྨང་གཞིའི་སྟེང་། མིག་སྔར་རྫོང་ཡོངས་སུ་ཞིང་ཆེན་དང་ཁུལ་རྫོང་། ཤང་སྡེ་བཅས་བར་གྱི་རིགས་སོ་སོའི་འགྲུལ་སྐྱེལ་ལམ་ཐིག12བཙུགས་ཤིང་འགྲུལ་སྐྱེལ་རླངས་འཁོར82བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཤང་གྲོང་འགྲུལ་སྐྱེལ་རླངས་འཁོར་འབབ་ཚིགས2བཙུགས་ཡོད་ལ། ཤང་གྲོང་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ལ་སླེབས་ཡོད།

ད་ལོར། ཞིན་ཧེ་རྫོང་གིས་ཤང་སྡེའི་གཞུང་ལམ་དྲ་བ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། འཆར་འགོད་མ་དངུལ་སྒོར་ཁྲི6522.14བཏང་ནས་སྤྱིའི་ལམ་ཐག་སྤྱི་ལེ250ཡོད་པའི་གཞུང་ལམ་ལས་གཞི12ལག་བསྟར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཤང་སྡེའི་གཞུང་ལམ་ལེགས་བཅོས་དང་སྡེ་བར་སྣུམ་ལམ་འཐེན་པ། སྡེ་བར་སེག་ལམ་འཐེན་པ། ཟམ་པ་འཛུགས་པ་སོགས་ཀྱི་བཟོ་འགོད་ཚུད་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག