མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-10 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་དྲུག་པ་བསྡུས་ནས། རྒན་གསོའི་ཞབས་ཞུ་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་ལག་བསྟར་བསམ་འཆར་དང་། འཁོར་རྒྱུག་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བའི་སྲིད་ཇུས་བྱེད་ཐབས། མཛེས་སྡུག་གི་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་བསམ་འཆར་དང2014ལོའི་ལག་བསྟར་ཇུས་གཞི་སོགས་ལ་ཞིབ་འཇུག་བྱས།

ཚོགས་ཐོག་ནས། རྒན་གསོའི་ཞབས་ཞུ་ལས་རིགས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཁྱིམ་ཚང་ཁྲི་ཕྲག་མང་པོ་དང་འབྲེལ་བ་ཡོད་ལ། མི་གྲངས་རྒན་འགྱུར་གྱི་གནད་དོན་ཐག་གཅོད་པར་ངེས་པར་མཁོ་བ་དང་། དམངས་འཚོར་འགན་སྲུང་དང་ལེགས་བསྒྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པ་མ་ཟད། ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དང་ནང་མཁོ་རྒྱ་བསྐྱེད་པ། ལས་ཞུགས་བྱེད་ཚད་ཇེ་མང་དུ་གཏོང་བའི་ཐད་ཕན་ཆེན་པོ་འདོགས་ཐུབ། དེར་བརྟེན་རྒན་གསོའི་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཏུ་བརྩིས་ནས། གཙོ་བོར་རྒན་གསོའི་ཞབས་ཞུའི་སྲིད་ཇུས་ཀྱི་མ་ལག་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་སྡེ་དང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུ་མཐོར་འདེགས་བྱེད་པ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོ་སྡེ་ཁག་སྒྲུབ་པར་སྐུལ་སློང་བྱེད་པ། གཞུང་གིས་བསྒྲུབས་པའི་འགན་སྲུང་རང་བཞིན་གྱི་རྒན་གསོ་སྡེ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། ཁྱིམ་དུ་རྒན་གསོ་བྱེད་པའི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་པ། སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་གཉིས་མཉམ་བསྲེས་བྱས་ཏེ་འཕེལ་རྒྱས་སུ་གཏོང་བ། རྒན་གསོའི་ཞབས་ཞུའི་ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བ། རྒན་གསོའི་ཞབས་ཞུ་ཐད་ཀྱི་ཆེད་ལས་མི་སྣ་སྐྱེད་སྲིང་བྱེད་པ། རྒན་གསོའི་ཞབས་ཞུ་ཆ་འཕྲིན་ཅན་དུ་བསྒྱུར་བའི་འཛུགས་སྐྲུན་སྤེལ་བ་བཅས་ལས་འགན་བཅུ་དམ་འཛིན་བྱེད་པ་དང་། རྒན་གསོའི་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་མ་དངུལ་གཏོང་བ་དང་མ་དངུལ་མཉམ་བསྲེས་བྱེད་པ་དང་། ས་ཞིང་འདོན་སྤྲོད། དཔྱ་ཁྲལ་ཐད་ཀྱི་དམིགས་བསལ་སྲིད་ཇུས་བཀོལ་བ། ཁ་གསབ་རོགས་སྐྱོར་བྱེད་པ། ལས་ཞུགས་དང་སྤྱི་ཕན་དགེ་སྒྲུབ་སོགས་ཐད་ཀྱི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་མ་ཟད་ལག་བསྟར་བཟང་བོ་བྱས་ཏེ། མགྱོགས་མྱུར་སྒོས་སྲིད་གཞུང་གིས་གཞི་རྩར་འགན་སྲུང་དང་སྤྱི་ཚོགས་ཀྱིས་མཁོ་སྤྲོད་ཇེ་མང་དུ་གཏོང་བ། ཚོང་རས་དགོས་མཁོ་བསྐོང་བའི་སྣ་མང་ཅན་གྱི་རྒན་གསོའི་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་བསྟན་དོན། འཁོར་རྒྱུག་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་ཁྲོད་ཀྱི་རྨང་གཞིའི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཐོན་ལས་གཙོ་བོ་ཡིན་པ་དང་། ཐོན་སྐྱེད་དང་འཛད་སྤྱོད་གཉིས་སྦྲེལ་མཐུད་བྱེད་པ་དང་ནང་མཁོ་དང་ཕྱི་མཁོ་གཉིས་ནང་དུ་འདུ་བས། ཐོན་སྐྱེད་ལ་སྣེ་ཁྲིད་དང་འཛད་སྤྱོད་ལ་སྐུལ་འདེད་བྱེད་པ། ཚོང་ར་་འཕེལ་རྒྱས་སུ་གཏོང་བ། སྒོ་འབྱེད་རྒྱ་བསྐྱེད་པ། ལས་ཞུགས་ཁ་སྣོན་བྱེད་པ། དམངས་འཚོར་ཞབས་འདེགས་ཞུ་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མཛེས་སྡུག་གི་གྲོང་རྡལ་འཛུགས་སྐྲུན་བྱེད་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་བའི་གྲོང་གསེབ་ཅན་སྤེལ་བའི་རྒྱུ་ལམ་གལ་ཆེན་དང་ཕན་ཡོད་བྱེད་ཐབས་ཡིན་ལ། གྲོང་ཁྱེར་ཆེན་པོ་དང་ས་ཁོངས་རང་བཞིན་གྱི་གྲོང་ཁྱེར། གསར་དར་གྲོང་ཁྱེར། གྲོང་རྡལ་གཙོ་བོ་བཅས་མཉམ་དུ་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་གནས་བབ་བཟང་བོ་ཆགས་པར་ཕན་པ་ཆེན་པོ་ཡོད་ཟེར། ཚོགས་ཐོག་ནས། 2020ལོའི་བར་དུ། ཞིང་ཆེན་ཡོངས་སུ་མཛེས་སྡུག་གི་གྲོང་རྡལ80འཛུགས་སྐྲུན་བྱེད་རྒྱུའི་ཐག་བཅད་ལ། ད་ལོ་ནི་འཛུགས་སྐྲུན་བྱེད་མགོ་རྩོམ་པའི་ལོ་ཡིན་པའི་ཆ་ནས། གཙོ་བོར་ཆའོ་ཐིག་དང་གོན་ཐིན། ར་རྒྱ ཁམས་ར། རིག་སྨོན། ཚྭ་ཁ། ཆིན་ཧྲི་ཙོས་སོགས་གྲོང་བརྡལ་བཅུ་དྲུག་གདམ་ནས། ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རྒྱུ་རེད། ཚོགས་ཐོག་ནས། མགྱོགས་མྱུར་སྒོས་འཛུགས་སྐྲུན་སྔོན་གྱི་བྱ་བ་འཐུས་ཚང་དུ་གཏོང་བ་དང་། མ་དངུལ་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། འགན་འཁྲི་ལག་བསྟར་ལ་ཤུགས་སྣོན་པ་བཅས་བྱས་ནས། འཛུགས་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་བའི་བྱ་བའི་སྤྱི་ཁོག་གི་སྙན་ཞུར་ཉན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཐད་ཀྱི་སྤྱིའི་རེ་བ་དང་། ལས་འགན་གཙོ་བོ། མྱུར་ཚད་བཀོད་སྒྲིག་སོགས་ཀྱི་ཐད་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག