མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཁྲིམས་འཛིན་ཡོངས་སྒྲོག་མངོན་གསལ་སྒོས་སྤེལ་ཏེ་ཁྲིམས་འཛིན་དྲང་བདེན་ལ་ཡར་སྐུལ་བྱེད་པའི་བྱ་བར་ཆེད་དུ་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-07 10:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཚེས6ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན་སོགས་ཞིང་ཆེན་སྲིད་གྲོས་ཀྱི་རྟོག་ཞིབ་ཚན་ཆུང་དང་མཉམ་དུ་ཞིང་ཆེན་ཁྲིམས་ཁང་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཁྲིམས་འཛིན་ཁྱབ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་དྲང་བདེན་བྱ་བར་ཡར་སྐུལ་བྱེད་པར་ཆེད་དུ་རྟོག་ཞིབ་བྱས། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན་རྟོག་ཞིབ་ལ་ཞུགས་པ་མ་ཟད། རྟོག་ཞིབ་བརྗོད་བྱར་དམིགས་ནས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས།

རྟོག་ཞིབ་ཚན་ཆུང་གིས་རྟོག་ཞིབ་བྱེད་སྐབས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་འདྲི་གཅོད་བྱ་བ་མངོན་སུམ་དང་། ཤན་འབྱེད་ཡི་གེ་དྲང་བདེན། ལག་བསྟར་ཆ་འཕྲིན་མངོན་སུམ་གྱི་བྱ་བ་གལ་ཆེན་གསུམ་ཧུར་ཐག་གིས་བསྒྲུབས་ཏེ། བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཡོད་པ་ཤེས། རིན་ཆེན་རྒྱལ་གྱིས་དེར་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཁྲིམས་འཛིན་ཡོངས་སྒྲིག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་དྲང་བདེན་བྱ་བར་ཡར་སྐུལ་བྱེད་པར་རྟོག་ཞིབ་དང་ཆེད་དོན་གྲོས་བསྡུར་བྱེད་པ་ནི། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་མཐར་ཕྱིན་བྱེད་ཆེད་གཏན་ལ་ཕབ་པའི་ད་ལོའི་བྱ་བ་གལ་ཆེན་ཞིག་རེད། ཞིང་ཆེན་སྲིད་གྲོས་ཀྱིས་ད་ལོའི་ཟླ་གཉིས་པ་ནས་བཟུང་སྟེ་གྲ་སྒྲིག་བྱས་ནས། རྟོག་ཞིབ་ལག་བསྟར་ཇུས་གཞི་གཏན་ལ་ཕབ། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཞིས་སྣེ་ཁྲིད་དེ། རིམ་པ་གསུམ་གྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཨུ་ཡོན་དང་ཁྲིམས་རྩོད་པ། ཆེད་ལས་མཁས་པ། ཁྲིམས་རིག་པའི་ཞིབ་འཇུག་སློབ་མ་བཅས་རྩ་འཛུགས་བྱས་ནས། ཟླ་ལྔ་བ་ནས་ཟླ་བདུན་པའི་བར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་ཁྲིམས་ཁང་དང་། གཞི་རིམ་ཁྲིམས་རར་སོང་ནས། མཉམ་དུ་རྟོག་ཞིབ་དང་གྲོས་བསྡུར་བྱེད་རྒྱུ་ཡིན་ལ། དུས་ཚིགས་གསུམ་པར་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཡོངས་སྒྲོག་བྱ་བར་དམིགས་ནས་ཆེད་དོན་གྲོས་བསྡུར་དང་བྱེད་རྒྱུ་ཡིན་ཟེར།

རིན་ཆེན་རྒྱལ་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཏོང་དགོས་ཞེས་བསྟན་ཡོད་ལ། རྒྱལ་ཁབ་ཀྱི་བཅོས་སྐྱོང་དེང་རབས་ཅན་དུ་གཏོང་ན། ཐོག་མར་ཁྲིམས་ལྟར་བཅོས་སྐྱོང་བྱེད་དགོས། མཚོ་སྔོན་ནི་མི་རིགས་མང་ཞིང་། ཆོས་ལུགས་མང་བའི་ཞིང་ཆེན་ཞིག་ཡིན་པས། ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ན། ད་གཟོད་ཡུན་རིང་བརྟན་འཇགས་ཡོང་བའི་བྱ་བ་མངོན་འགྱུར་བྱེད་ཐུབ། ཁྲིམས་ལྟར་མཚོ་སྔོན་བཅོས་སྐྱོང་བྱས་ནས་ཕན་འབྲས་ལེན་ཐུབ་མིན་དེ་གཙོ་བོ་ཁྲིམས་ལྟར་སྲིད་འཛིན་པ་དང་། དྲང་བདེན་གྱི་སྒོ་ནས་ཁྲིམས་འཛིན་ཐུབ་མིན་ལ་རག་ལས་ཡོད་པས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྟོག་ཞིབ་བྱ་བ་ཞིབ་མོར་སྤེལ་རྗེས། དམིགས་ཡུལ་རང་བཞིན་ལྡན་པའི་གྲོས་གཞི་བཏོན་ནས། ཧུར་ཐག་སྒོས་མཚོ་སྔོན་གྱི་ཁྲིམས་ཁང་གིས་ཁྲིམས་འཛིན་ཡོངས་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲིམས་འཛིན་དྲང་བདེན་བྱ་བར་ཡར་སྐུལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག