མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ལྔ་གཅིག་དུས་ཆེན་སྔོན་དུ་གློག་ཤུགས་ལས་བཟོ་བར་འཚམས་འདྲི་བྱས་པ་མ་ཟད་གློག་དྲའི་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-01 19:58

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལྔ་གཅིག་དུས་ཆེན་སྔོན་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཆེད་དུ་ཞིང་ཆེན་གློག་ཤུགས་ཀུང་ཟིའི་གློག་ཤུགས་སྐོང་འཐེན་ཚོད་འཛིན་ལྟེ་གནས་ཀྱི་ལས་གནས་ན་ལས་ཀ་བྱེད་བཞིན་པའི་ལས་བཟོ་བར་བལྟ་རུ་སོང་ནས། རྒྱ་ཆེའི་ངལ་རྩོལ་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས་པ་མ་ཟད། ཡུལ་དངོས་ནས་གློག་དྲའི་འཁོར་རྒྱུག་གནས་ཚུལ་ལ་རྟོག་ཞིབ་བྱས།

ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར། ཧའོ་ཕིན་སོགས་གློག་ཤུགས་སྐོང་འཐེན་ཚོད་འཛིན་ལྟེ་གནས་སུ་སོང་ནས། ལས་བཟོ་བ་རེ་རེ་དང་ལག་འཇུ་བྱས་ཏེ་ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་གློག་དྲའི་སྐོང་འཐེན་དང་བཀོད་འདོམས། ཚོད་འཛིན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཧའོ་ཕིན་གྱིས་བསྟན་དོན། མཚོ་སྔོན་གློག་ཤུགས་སྐོང་འཐེན་ཚོད་འཛིན་ལྟེ་གནས་ནི་མཚོ་སྔོན་གློག་དྲའི་ལྟེ་བའི་བཀོད་འདོམས་ལས་ཁུངས་ཡིན་པས། གློག་སྲུང་སྐྱོབ་ཐད་ཀྱི་བྱ་བ་སྣ་ཚོགས་ངེས་པར་དུ་བཀོད་སྒྲིག་ཞིབ་མོ་དང་། གློག་སྲུང་སྐྱོབ་ཀྱི་བྱེད་ཐབས་ལག་བསྟར་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་གློག་དྲ་བདེ་འཇགས་དང་གཏན་འཇགས་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་གྱིས་ཞིང་ཆེན་གློག་ཤུགས་ཀུང་ཟིའི་གློག་དྲའི་འཛུགས་སྐྲུན་སྤེལ་བ་དང་བདེ་འཇགས་གློག་འདོན་ལ་འགན་སྲུང་བྱེད་པ། ཚོང་གཉེར་ཆུ་ཚད་མཐོར་འདེགས་བྱེད་པ་སོགས་ཕྱོགས་ནས་བླངས་བའི་ཕུལ་བྱུང་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གློག་ཤུགས་ཀྱིས་ཡུན་རིང་བོར་རྐང་བཙུགས་ནས་འཕེལ་རྒྱས་སུ་གཏོང་བ་དང་། མཚོ་བོད་དྲ་སྦྲེལ། ཡུལ་ཤུལ་དྲ་སྦྲེལ། ཞིན་ཅང་དང་ནུབ་བྱང་བར་གྱི་དྲ་གཙོ་བོ་སྦྲེལ་བའི་བཟོ་སྐྲུན་སོགས་ཀྱི་ལས་གཞི་གཙོ་བོ་ཡོངས་འགྲུབ་བྱས་པ་མ་ཟད་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། རིག་ནུས་གློག་དྲའི་འཛུགས་སྐྲུན་དང་ཉི་འོད་ནུས་ཁུངས་ཕྱིར་འདོན་པའི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས་ལ། གློག་མེད་པའི་ས་ཁུལ་གྱི་མང་ཚོགས་ཀྱི་གློག་བཀོལ་དཀའ་བའི་གནད་དོན་ལ་ཐག་གཅོད་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནུས་ཁུངས་ཀྱི་འགན་སྲུང་བརྟན་པོ་བྱས་ཟེར། ཧའོ་ཕིན་གྱིས་བསྟན་དོན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་ལ། གཏན་འཇགས་ངང་གོང་འཕེལ་དུ་གཏོང་རྒྱུ་དེ་སྔར་བཞིན་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། དེའི་གློག་ཤུགས་འགན་སྲུང་ཐད་ལ་ཡང་རེ་བ་གསར་བ་བཏོན་ཡོད། དེ་བས་ཞིང་ཆེན་གློག་ཤུགས་ཀུང་ཟིས་མུ་མཐུད་དུ་གྲུབ་འབྲས་བཟང་བོ་དང་སྤྱོད་ཚུལ་བཟང་བོ། སྲོལ་རྒྱུན་བཟང་བོ་རྒྱུན་འཁྱོངས་དང་། ནུས་ཤུགས་ཡོད་རྒུས་བཟོ་སྐྲུན་གཙོ་བོ་སྣ་ཚོགས་ཀྱི་འཛུགས་སྐྲུན་དང་བཀོལ་སྤྱོད་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བདེ་འཇགས་དང་བློ་གཏད་ཆོག་པ། རྒྱུ་སྤུས་ལེགས་པའི་གློག་ཤུགས་འགན་སྲུང་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཏོན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྱང་སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གློག་ཤུགས་ཀུང་ཟི་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག