མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་དམངས་ཕན་སྲིད་ཇུས་ལྔས་རིགས་སོ་སོའི་མི་དམངས་ལ་ཕན་བདེ་བླ་མེད་བསྐྲུན།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱེད་རྒྱུ་ནི་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། ནོར་སྲིད་ཆུང་ངུས་དམངས་འཚོའི་དོན་ཆེན་སྒྲུབ་པའི་ལམ་བུ་རྒྱུན་འཁྱོངས་ལྷོད་མེད་བྱས་མཐར། དམངས་འཚོ་འགན་སྲུང་གི་ཆུ་ཚད་བར་མ་ཆད་པར་མཐོར་འདེགས་སུ་སོང་། དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་འཚོ་བའི་ཐད་ཀྱི་ལོངས་སྤྱོད་གྱ་ནོམ་པ་ཞིག་བསྐྲུན་ཡོད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་དམངས་ཕན་སྲིད་ཇུས་ལྔ་བཏོན་ཡོད་ཅིང་། དེ་དག་ནི་སོ་སོར་རྨོ་འདེབས་ཞིང་བའི་ཁ་གསབ་དང་། ཞིང་སྡེ་འགན་སྲུང་གསར་བ་དང་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་རྒན་གསོ་ཉེན་ཚབ་མ་དངུལ། ལོ་ལོན་གྱི་ཁ་གསབ། ལོ་རེ་དྲུག་ཡན་གྱི་མིའི་ལུས་ཕུང་ཞིབ་བཤེར་མ་དངུལ། རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་བཅས་རེད། མིག་སྔར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ལས་ཁུངས་ཀྱིས་ས་གནས་སོ་སོར་འདང་ངེས་ཀྱི་མ་དངུལ་སྤྲད་ཡོད།

མཚོ་སྔོན་གྱིས་ཞིང་བར་སྔར་ལས་ཕན་ཁེ་བཟང་བོ་བསྐྲུན་པ་དང་། བཟའ་འབྲུ་བརྟན་འཇགས་དང་འཕེལ་རྒྱས་ངང་ཐོན་སྐྱེད་བྱེད་ཆེད། ད་ལོར། རྨོ་འདེབས་ཞིང་བའི་ཁ་གསབ་རོགས་དངུལ་སྔར་གྱི་ཞིང་ས་མུའུ་གཅིག་ལ་སྒོར་དོན་ལྔ་ནས་ད་ལྟའི་སྒོར་བརྒྱ་ལ་འཕར་ཡོད།

ཞིང་བའི་ཁ་གསབ་རོགས་དངུལ་དེ་ཞིང་མ་རྨོས་པའི་སྔོན་ལ་ཞིང་བ་མང་ཚོགས་ཀྱི་ལག་ལ་ཐོབ་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཞིང་འདེབས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གསུམ་ལྷག་རྫོང་ཁག་སོ་སོར་སྤྲད་ཟིན་པ་མ་ཟད། ས་གནས་སོ་སོས་དུས་ལྟར་ཁ་གསབ་མ་དངུལ་གྱི་དོ་དམ་ཚད་གཞི་ལྟར་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ལོ་བདུན་ཅུའི་ཡན་གྱི་ལོ་ལོན་ཚོའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་ནི་སྔར་ཡོད་རྨང་གཞིའི་སྟེང་ཟླ་རེར་མི་རེར་སྒོར་ཉི་ཤུས་ཇེ་མང་ལ་བཏང་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ལོ་ལོན་རྒན་པའི་ཁ་གསབ་རོགས་དངུལ་ཇེ་མང་དུ་བཏང་བ་དེས། ལོ་ལོན་རྒན་པ་འབུམ་གསུམ་ཙམ་ལ་ཁེ་བཟང་བསྐྲུན།མིག་སྔར། རྒྱལ་ཡོངས་ན་སྲིད་ཇུས་འདི་གཉེར་མཁན་ཞིང་ཁག་བཅོ་ལྔ་ཡོད་ལ།ཞིང་ཆེན་གཞན་པས་ལོ་བརྒྱད་ཅུའི་ཡན་གྱི་རྒན་པར་སྲིད་ཇུས་འདི་སྤྱོད་ཀྱིན་ཡོད་ནའང་། མཚོ་སྔོན་ཞིང་ཆེན་ཁོ་ནས་ལོ་བདུན་ཅུའི་ཡན་གྱི་ལོ་ལོན་ལ་སྤྱོད་ཀྱིན་ཡོད།

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལྟར། ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་དང་མཁར་གྲོང་སྡོད་དམངས་ཀྱི་མ་མཐའི་རྒན་གསོ་ཉེན་ཚབ་མ་དངུལ་དེ་སྔར་ཡོད་ཀྱི་རྨང་གཞིའི་སྟེང་དུ། མི་རེར་ཟླ་རེར་སྒོར་ཉེར་ལྔས་ཇེ་མང་ལ་བཏང་བ་དང་། ཇེ་མང་ལ་བཏང་རྗེས་རྒན་གསོའི་ཁ་གསབ་མ་དངུལ་གྱི་ཚད་གཞི་ནི་སྒོར་བརྒྱ་དང་བཅུ་ལ་འཕར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ད་ལོའི་དཔྱིད་དུས་ཀྱི་སློབ་སྐབས་ནས་བཟུང་། རོང་འབྲོག་ཁུལ་གྱི་བཅའ་སྡོད་སློབ་མའི་ཁ་གསབ་རོགས་དངུལ་སྔར་ཡོད་ཀྱི་ཚད་གཞི་ལས་སྒོར་བརྒྱ་ཡིས་ཇེ་མང་ལ་བཏང་། ཁ་གསབ་རོགས་དངུལ་ཇེ་མང་ལ་བཏང་རྗེས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆུང་སློབ་མ་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར་སྟོང་གཅིག་དང་བརྒྱ་ཐམ་པ་དང་དམའ་འབྲིང་སློབ་མ་རེར་སྒོར་སྟོང་གཅིག་དང་སུམ་བརྒྱ་ལྔ་བཅུ། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུལ་གྱི་སློབ་ཆུང་སློབ་མ་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར་སྟོང་གཅིག་དང་ལྔ་བརྒྱ་དདང་དམའ་འབྲིང་སློབ་མ་རེར་སྟོང་གཅིག་དང་བདུན་བརྒྱ། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་གི་སློབ་ཆུང་སློབ་མ་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར་སྟོང་གཅིག་དང་དྲུག་བརྒྱ་དང་དམའ་འབྲིང་སློབ་མ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། རྨ་ལྷོ་ཁུལ་གྱི་རྩེ་ཁོག་རྫོང་དང་ཧི་ནན་རྫོང་བཅས་ཀྱི་སློབ་ཆུང་སློབ་མ་རེར་ལོ་རེར་ཁ་གསབ་རོགས་དངུལ་སྒོར་སྟོང་གཅིག་དང་བདུན་བརྒྱ་དང་དམའ་འབྲིང་སློབ་མ་རེར་སྒོར་སྟོང་གཅིག་དང་དགུ་བརྒྱ་བཅས་རེད ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་བཅའ་སྡོད་སློབ་མའི་ཁ་གསབ་རོགས་དངུལ་ནི་བོད་ལྗོངས་ཕུད་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་ལས་མཐོ་བ་དང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་བཅའ་སྡོད་སློབ་མའི་ཁ་གསབ་རོགས་དངུལ་ཐད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ལྷག་བྱིན་ཡོད།

ལོ་རེ་ལྔའི་ཡན་གྱི་ལོ་ལོན་གྱི་ལུས་ཕུང་ཞིབ་བཤེར་ལ་ཁ་གསབ་རོགས་དངུལ་སྟེར་ཚད་དེ་སྔར་གྱི་སྒོར་བརྒྱད་ཅུ་ནས་ད་ལྟའི་སྒོར་བརྒྱ་དང་སུམ་ཅུ་ལ་ཇེ་མཐོར་བཏང་། དེ་དང་མཉམ་དུ་ཞིབ་བཤེར་གྱི་རྣམས་གྲངས་བཅུ་ཇེ་མང་དུ་བཏང་ཡོད་ལ། ཞིབ་བཤེར་གྱི་ཁ་གསབ་མ་དངུལ་སྙོམ་སྒྲིག་བྱས་རྗེས། མཚོ་སྔོན་གྱི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ནུབ་རྒྱུད་ཀྱི་ཞིང་ཆེན་དག་ལས་སྔོན་གྲས་སུ་བསླེབས་ཡོད། དེས་ཁྱོན་བསྡོམས་ལོ་ལོན་འབུམ་བཞི་ཙམ་ལ་ཕན་བདེ་བསྐྲུན་ཐུབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག