མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཞའོ་ཆིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་གི་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 11:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས25ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཝང་ཞའོ་ཆིན་གྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཞང་གི་བྱ་བར་རྟོག་ཞིབ་བྱས། ཁོ་སྔ་གཞུག་ཏུ་ཁྱིམ་ཚང་དང་། སྣང་རའི་སྟོང་དཔོན་གཞིས་ཀ་སོགས་སུ་སོང་ནས་མང་ཚོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད་གཞི་རིམ་ལས་བྱེད་པ་དང་བོད་རིགས་མང་ཚོགས་ལ་བཞུགས་མོལ་བྱས་ནས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས།

སྣང་ར་ཞང་ནི་བོད་དང་ཧོས་རིགས་འདུས་སྡོད་བྱེད་པའི་ཞིང་ཕྱུགས་ཞང་ཞིག་རེད། རྟོག་ཞིབ་བྱེད་སྐབས། ཝང་ཞའོ་ཆིན་ས་ཆ་རེ་རེར་ཐོན་རྗེས་མང་ཚོགས་ལ་ཁ་བརྡ་བྱས་པ་དང་། ཏང་དང་སྲིད་གཞུང་གི་བྱ་བའི་ཐད་ནས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། བོད་རིགས་མང་ཚོགས་རྡོ་རྗེ་ཡིས་ཏང་གི་སྲིད་ཇུས་བཟང་ཞིང་། སྲིད་གཞུང་གིས་ང་ཚོ་གྲངས་ཉུང་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཐེངས་མང་ཞིང་། མི་རིགས་བར་འགལ་བ་ཡང་ཇེ་ཉུང་དུ་སོང་ཡོད་པས། འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་སྐྱིད་རེད་ཅེས་བཤད་པ་ཐོས་རྗེས། ཝང་ཞའོ་ཆིན་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། ངེས་པར་དུ་དེང་སྐབས་ཀྱི་བདེ་སྐྱིད་འཚོ་བར་གཙིགས་འཛིན་བྱས་ནས། ཁྱིམ་ཚང་འགྲིག་མཐུན་བྱུང་ན་དོན་དག་ཡོད་ཚད་འགྲུབ་ངེས། རིགས་སོ་སོའི་མི་རིགས་བར་ཕན་ཚུན་བརྩི་བཀུར་དང་། འཆམ་མཐུན་གྱི་སྒོས་ནས་འཚོ་བ་རོལ་ཚེ། ད་གཟོད་བདེ་སྡོད་ལས་བསྐྲུན་བྱེད་ཐུབ་པ་དང་། སྤྱི་ཚོགས་ཀྱི་ལས་དོན་སྣ་ཚོགས་ད་གཟོད་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་ཐུབ་ཟེར།

སྣང་རའི་སྟོང་དཔོན་གཞིས་ཀར་ཐོན་ནས་ཝང་ཞའོ་ཆིན་གྱིས་ལོ་རྒྱུས་ཤུལ་བཞག་ལ་སྲུང་སྐྱོབ་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། སྣང་རའི་སྟོང་དཔོན་གྱི་རྗེས་རབས་པར་འཚམས་འདྲི་བྱས་པ་མ་ཟད། ས་དེའི་ལས་བྱེད་པས་ཤུལ་བཞག་སྲུང་སྐྱོབ་བྱ་བ་བཟང་བོར་སྒྲུབ་ནས། ནན་ཏན་སྒོས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་རྒན་རབས་པས་ནམ་ཡིན་ཡང་བྱ་བ་ཐམས་ཅད་མི་རིགས་མཐུན་སྒྲིལ་གྱི་རྨང་གཞིའི་སྟེང་ནས་བརྟན་འཇགས་དང་ཡིད་འཇོག་གི་སྒོ་ནས་སྒྲུབ་པའི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། ལོ་རྒྱུས་དཔྱད་གཞིར་བཟུང་ནས། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་དགོས་པ་དང་། གཞི་རིམ་གྱི་བྱ་བ་དམ་འཛིན་བཟང་བོ་བྱེད་པ། རྨང་གཞི་ཇེ་བརྟན་དུ་བཏང་ནས། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ས་ཁུལ་གསར་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག