མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་བཟང་དུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོའི་ཆེད་དོན་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། སློབ་གསོ་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ་བཅས་ཀྱིས«དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་བཟང་དུ་གཏོང་བའི་སྐོར་གྱི་བསམ་འཆར།»དཔར་ནས་བཀྲམས་པ་དང་། 2014ལོ་ནས2018ལོའི་བར་རང་རྒྱལ་གྱིས་དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་བཟང་དུ་གཏོང་རྒྱུ་རེད། རྒྱལ་ཁབ་ཀྱི་འཆར་བཀོད་གཞི་ཁྱོན་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་བཞི་མ་གཏོགས་གཞན་པའི་རྫོང་དང་ས་ཁུལ། གྲོང་ཁྱེར། སྲིད་འཛིན་ཨུ་ཡོན་ལྷན་ཁང་ཞེ་གཉིས་ནས་བྱ་བ་དེ་ལག་བསྟར་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་བཟང་དུ་བཏང་བ་བརྒྱུད་དེ་དམིགས་འབེན་ཆེན་པོ་དྲུག་མངོན་འགྱུར་བྱེད་རྒྱུ་ཡིན་པ་སྟེ། ལོ་གསུམ་ནས་ལོ་ལྔའི་བར་འབད་པ་བྱས་པ་བརྒྱུད་དེ། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་ཁང་དང་། ཅོག་ཙེ། རྐུབ་སྟེགས། དཔེ་ཆ། ཚོད་ལྟའི་དཔྱད་ཆས། ལུས་རྩལ་ར་བ་སོགས་སློབ་ཁྲིད་སྒྲིག་ཆས་ཀྱིས་གཞི་རྩའི་སློབ་ཁྲིད་ཀྱི་དགོས་མཁོ་སྐོང་ཐུབ་པར་བྱེད་རྒྱུ་དང་། སློབ་གྲྭའི་མལ་ཁང་དང་། མལ་ཁྲི། སྤྱོད་ཁང་དང་། ཟ་ཁང་། འཐུང་ཆུ་སོགས་འཚོ་བའི་སྒྲིག་ཆས་ཀྱིས་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པར་བྱེད་རྒྱུ། ཕ་མའི་གམ་དུ་མེད་པའི་བྱིས་པའི་སློབ་སྦྱོང་དང་བཅའ་སྡོད་ཀྱི་དགོས་མཁོ་ཕལ་ཆེར་བསྐོང་ཐུབ་པར་བྱེད་པ་དང་། སྡེ་བའི་སློབ་ཆུང་དང་སློབ་ཁྲིད་བྱེད་ས་རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཐུབ་པར་བྱེད་རྒྱུ། རྫོང་དང་གྲོང་རྡལ་གྱི་འཛིན་གྲྭར་སློབ་མ་མང་དྲགས་པའི་གནས་ཚུལ་མེད་པར་བཏང་ནས། རིམ་བཞིན་སློབ་ཆུང་གི་འཛིན་གྲྭར་སློབ་མ་ཞེ་ལྔ་ལས་མི་འདས་པ་དང་། དམའ་འབྲིང་གི་འཛིན་གྲྭར་སློབ་མ་ལྔ་བཅུ་ལས་མི་འདའ་བར་བྱེད་རྒྱུ། དགེ་རྒན་བཀོད་སྒྲིག་བྱེད་པའི་བྱ་བ་འོས་མཐུན་སྒོས་སྤེལ་ཏེ། གྲངས་ཀ་དང་། བྱང་ཚད། གྲུབ་ཚུལ་སོགས་ཕལ་ཆེར་སློབ་གསོ་དང་སློབ་ཁྲིད་ཀྱི་དགོས་མཁོ་དང་མཐུན་པར་བྱེད་རྒྱུ། སློབ་ཆུང་ལས་སློབ་མ་ཕྱིར་འབུད་ཚད་བརྒྱ་ཆའི་ཐིག་དང་གྲངས་ཆུང་དྲུག་མན་དུ་ཚོད་འཛིན་བྱེད་པ་དང་། དམའ་འབྲིང་ནས་སློབ་མ་ཕྱིར་འབུད་ཚད་བརྒྱ་ཆའི་གཅིག་དང་གྲངས་ཆུང་བརྒྱད་ཀྱི་མན་དུ་ཚོད་འཛིན་བྱེད་རྒྱུ་བཅས་རེད།

དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་ཆ་རྐྱེན་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་བཟང་དུ་གཏོང་བའི་ལས་འགན་གཙོ་བོའི་ཁྲོད་དུ། གཞི་རྩའི་སློབ་ཁྲིད་ཆ་རྐྱེན་ལ་འགན་སྲུང་བྱེད་པ་དང་། སློབ་གྲྭའི་འཚོ་བའི་སྒྲིག་ཆས་ཇེ་བཟང་དུ་གཏོང་བ། དགོས་ངེས་ཀྱི་སློབ་ཁྲིད་བྱེད་ས་བཟང་བོར་བསྒྲུབ་པ། རྫོང་དང་གྲོང་རྡལ་གྱི་སློབ་གྲྭའི་འཛིན་གྲྭར་སློབ་མ་མང་དྲགས་པའི་གནད་དོན་ཐག་གཅོད་པ། ཞིང་སྡེའི་སློབ་གྲྭའི་སློབ་གསོ་ཆ་འཕྲིན་ཅན་དུ་གཏོང་བ། དགེ་རྒན་གྱི་དཔུང་སྡེའི་བྱང་ཚད་ཇེ་མཐོར་གཏོང་བ་སོགས་འདུ།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག