མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭས་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་ལྔ་བརྒྱ་དང་བཅུ་བདུན་བསྡུ་རྒྱུ་ཡིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-28 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་གྲྭས་སྤྱི་ཚོགས་ལ་ཁ་གཏད་ནས་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་ལྔ་བརྒྱ་དང་བཅུ་བདུན་བསྡུ་རྒྱུ་རེད།

ཐེངས་འདིར་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོ་ཡོད་པ་དང་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། སྐྱེ་ཡུལ་མཚོ་སྔོན་ཡིན་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བཅས་ལ་ཁ་གཏད་ནས་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་བསྡུ་རྒྱུ་ཡིན་པ་དང་། དགེ་རྒན་བསྡུ་ལེན་བྱེད་པའི་བྱ་བ་དེ་དགེ་རྒན་བསྡུ་ལེན་གྱི་ཆ་འཕྲིན་ཕྱིར་སྒྲོག་བྱེད་པ་དང་མིང་ཐོ་འགོད་པ། དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། ཡིག་རྒྱུགས་ལེན་པ། ཡུལ་དངོས་ནས་ཐོབ་ཐང་ཞིབ་བཤེར་བྱེད་པ། ཁ་རྒྱུགས་ལེན་པ། ལུང་ཕུང་བརྟག་དཔྱད་བྱེད་པ། དཔྱད་ཞིབ་བྱེད་པ། ཕྱིར་བསྒྲགས་པ། གདན་ཞུའི་འགྲོ་ལུགས་སྒྲུབ་པ་སོགས་ཀྱི་གོ་རིམ་ལྟར་རིམ་པ་བཞིན་སྤེལ་རྒྱུ་རེད།

དགེ་རྒན་བསྡུ་བའི་ཆ་རྐྱེན་ནི་མཐོ་རིམ་དགེ་ཐོན་སློབ་ཆེན་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་སློབ་ཆེན་གཞན་པའི་ད་ལོའི་དངོས་གཞི་ཚན་ཁག་གི་མཐར་ཕྱིན་སློབ་མ་དང་། དགེ་ཐོན་རིགས་ཀྱི་ཆེད་ལས་དང་ཆེད་སྦྱོང་སློབ་གྲྭའི་ད་ལོའི་མཐར་ཕྱིན་སློབ་མ། དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་བླངས་ཡོད་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སྤྱིར་བཏང་སློབ་ཆེན་གྱི་སྔོན་ཆད་མཐར་ཕྱིན་པའི་དངོས་གཞི་མཐར་ཕྱིན་སློབ་མ་བཅས་ཡིན་དགོས་པ་དང་། ལོ་སུམ་ཅུའི་མན་ཡིན་དགོས་ལ། རྒྱ་བོད་སྐད་གཉིས་ལ་རྒྱུགས་སྤྲོད་མཁན་ཚོར་ངེས་པར་དུ་རྒྱ་སྐད་དང་བོད་སྐད་ཀྱི་སློབ་ཁྲིད་བྱེད་པའི་ནུས་པ་ལྡན་དགོས།

ཐེངས་འདིའི་དམིགས་བཙུགས་ལས་གནས་ཀྱི་དགེ་རྒན་བསྡུ་བའི་བྱ་བ་དེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་དྲ་ཐོག་ནས་ཐོབ་ཐང་ལ་ཞིབ་བཤེར་བྱེད་པ། དྲ་ཐོག་ནས་རྒྱུགས་ལེན་ཆོག་མཆན་ཡི་གེ་དཔར་བ་བཅས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། དྲ་ཐོག་ནས་མིང་ཐོ་འགོད་པའི་དུས་ཚོད་ནི2014ལོའི་ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་ནས་ཟླ5བའི་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་བར་ཡིན་ལ། མཚོ་སྔོན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་ཚིགས་ཏེwww.qhpta.comསྟེང་ནས་འབྲེལ་ཡོད་ཀྱི་ཆ་འཕྲིན་འབུལ་སྤྲོད་བྱས་ནས་མིང་ཐོ་བཀོད་ཆོག

ཡིག་རྒྱུགས་ལེན་པའི་དུས་ཚོད་ནི2014ལོའི་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་ཡིན་པ་དང་། ཞིབ་ཕྲའི་རྒྱུགས་ལེན་དུས་ཚོད་དང་ས་གནས་རྒྱུགས་ལེན་ཆོག་མཆན་ཡི་གེའི་སྟེང་གི་དུས་ཚོད་དང་ས་གནས་ཚད་གཞིར་འཛིན་དགོས་ལ། ཡིག་རྒྱུགས་གི་ནང་དོན་ཁྲོད་དུ་སྤྱིའི་བསླབ་ཚན་དང་ཆེད་ལས་བསླབ་ཚན་གཉིས་འདུ་སྟེ། སྤྱིའི་བསླབ་ཚན་ཁྲོད་ཀྱི་ལས་རིགས་ནུས་པ་ཚད་འཇལ་གྱིས་ཡིག་རྒྱུགས་རྒྱུགས་འབྲས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་པ་དང་། སློབ་གསོ་བསླབ་གཞི་དང་སློབ་གསོ་སེམས་ཁམས་བསླབ་གཞིས་ཡིག་རྒྱུགས་རྒྱུགས་འབྲས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ལ། ཆེད་ལས་བསླབ་ཚན་ཁྲོད་ཀྱི་བསླབ་གཞིའི་རྨང་གཞི་ཤེས་བྱ་དང་བསླབ་གཞིའི་སློབ་ཁྲིད་རྣམ་བཤད་གཉིས་ཀྱིས་ཡིག་རྒྱུགས་རྒྱུགས་འབྲས་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན་པ་དང་། ཡིག་རྒྱུགས་རྒྱུགས་འབྲས་ཀྱིས་སྤྱིའི་རྒྱུགས་འབྲས་ཀྱི་བརྒྱ་ཆའི་དྲུག་ཅུ་ཟིན་ལ། ཁ་རྒྱུགས་ཐད་ནས་དགེ་རྒན་གྱི་ཐོབ་ཐང་ཁས་ལེན་གྱི་འབྲེལ་ཡོད་རེ་བ་ལྟར་སྤེལ་རྒྱུ་ཡིན་པ་དང་། ཁ་རྒྱུགས་ཀྱི་རྒྱུགས་འབྲས་ཀྱིས་སྤྱིའི་རྒྱུགས་འབྲས་ཀྱི་བརྒྱ་ཆའི་བཞི་བཅུ་ཟིན།

མིང་ཐོ་བཀོད་ཚར་རྗེས། རྒྱུགས་སྤྲོད་སློབ་མས་ཡིག་རྒྱུགས་མ་བླངས་གོང་གི་ཉིན་བཞིའི་སྔོན་དུ་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་ཚིགས་སྟེང་ནས་རྒྱུགས་ལེན་ཆོག་མཆན་ཡི་གེ་དཔར་དགོས་པ་དང་། 2014ལོར་མཐར་ཕྱིན་པའི་མཐར་ཕྱིན་སློབ་མས་ངེས་པར་དུ2014ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་སྔོན་དུ་ལས་གནས་ཀྱི་ཆ་རྐྱེན་དང་རེ་བ་དང་མཐུན་པའི་ཡོན་ཚད་དཔང་ཡིག་འདོན་སྤྲོད་བྱེད་དགོས། དེ་མིན་ཚེ་རྒྱུགས་སྤྲོད་ཐོབ་ཐང་མེད་པར་བཟོ་རྒྱུ་ཡིན་པ་དང་ཕྱི་རྒྱལ་གྱི་ཡོན་ཚད་དཔང་ཡིག་བླངས་ཡོད་པའི་རྒྱུགས་སྤྲོད་སློབ་མར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་བྱིན་པའི་ཡོན་ཚད་བདེན་དཔང་སྙན་ཞུ་ཡི་གེ་ཡོད་དགོས་ལ། ཁྱིམ་ཐོའི་དུས་ཚོད་གཏན་ཁེལ་བྱེད་དགོས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཐོའི་ཆ་རྐྱེན་དང་མཐུན་པའི་རྒྱུགས་སྤྲོད་སློབ་མའི་རང་ཞིང་དུ་ཁྱིམ་ཐོ་བཀོད་པའི་དུས་ཚོད་ངེས་པར་དུ2013ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ཡིན་དགོས།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་བློ་འདྲི་ཁ་པར་ཨང་གྲངས་ནི0971-6310741དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་བློ་འདྲི་ཁ་པར་ཨང་གྲངས་ནི0971-6304470 ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས་རྒྱུགས་དོན་པུའུ་ཡི་ཁ་པར་ཨང་གྲངས་ནི0971-6139342དང་། ལག་རྩལ་པུའུ་ཡི་ཁ་པར་ཨང་གྲངས་ནི0971-6166319བཅས་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག