མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-26 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་སྤྱི་བའི་ཞབས་ཞུ་བཙོང་བར་ཞིབ་འཇུག་བྱས་པ་དང་། མ་མཐའི་ཟླ་ཕོགས་དང་ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་སྙོམ་སྒྲིག་བྱས།

ཚོགས་འདུ་ལས་སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་སྤྱི་བའི་ཞབས་ཞུ་བཙོང་བ་ནི། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་བཅོས་སྒྱུར་གྱི་ཁེ་ཕན་ལོངས་སུ་སྤྱད་དེ་ཁྲོམ་རའི་གསོན་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤྱི་བའི་ཞབས་ཞུ་ལ་སྔར་ལས་ཤུགས་བསྣན་ནས་རྒྱ་ཆེའི་མང་ཚོགས་ལ་ཕན་བདེ་བླ་མེད་བསྐྲུན་པ། ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་ནས་སྤྱི་ཚོགས་ལས་ཞུགས་ལ་སྐུལ་འདེད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཞིང་། སྐུལ་ཁྲིད་ཀྱི་ནུས་པ་ཧ་ཅང་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་བཅོས་སྒྱུར་ཞིག་ཡིན་ཞེས་བསྟན།

ཚོགས་འདུའི་སྟེང་། སྲིད་གཞུང་གིས་སྤྱི་ཚོགས་སྟོབས་ཤུགས་ལ་སྤྱི་བའི་ཞབས་ཞུ་བཙོང་བ་དེ་བཅོས་སྒྱུར་ཆེན་པོ་ཞིག་ཏུ་བརྩིས་ནས། ལག་ལེན་མཐའ་འཁྱོལ་བྱེད་དགོས། ཁྲོམ་རའི་སྒྲིག་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་གིས་ཐད་ཀར་རྩ་འཛུགས་འདོན་སྤྲོད་བྱེད་པའི་སྤྱི་བའི་ཞབས་ཞུ་ཁག་ཅིག བྱེད་ཐབས་དང་གོ་རིམ་ངེས་ཅན་ལྟར་ཆ་རྐྱེན་དང་འཚམ་པའི་སྤྱི་ཚོགས་རྩ་འཛུགས་དང་ཁེ་ལས། ལས་ཁུངས་བཅས་ལ་འགན་སྒྲུབ་བྱེད་དུ་བཅུག་ནས། རྒྱ་ཆེའི་མང་ཚོགས་ལ་འབྱོར་ཕྱུག་བདེ་སྐྱིད་ཀྱི་ཞབས་ཞུ་བཟང་བོ་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་སྟེང་མ་མཐའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་སྙོམ་སྒྲིག་བྱེད་པ་ནི་དམངས་འཚོའི་དོན་དངོས་བཅུ་དངོས་འབེབ་བྱེད་པ་དང་དམངས་འཚོའི་རིམ་སྤོར་པར་གཞི་བསྐྲུན་པའི་བྱེད་ཐབས་ཞིབ་མོ་ཞིག་ཡིན་ལ། དེ་ལས་ཞུགས་ལས་གནས་བརྟན་འཇགས་སུ་གཏོང་བ་དང་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མང་ལ་གཏོང་བ། ཁེ་ལས་ཡུན་རིང་འཕེལ་རྒྱས་སུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་སྲ་བརྟན་དུ་གཏོང་བ་བཅས་ལ་ཕན་པ་ཡོད་ཅེས་བསྟན། ཚོགས་འདུའི་སྟེང་ཉིས་སྟོང་བཅུ་བཞི་ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་ནས་བཟུང་། ད་ལྟ་ལག་བསྟར་བྱེད་བཞིན་ཡོད་པའི་མ་མཐའི་ཟླ་ཕོགས་ཀྱི་ཚད་གཞི་དང་ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་དེ་སྙོམ་སྒྲིག་བྱས་ཏེ་ད་ལྟའི་ཆུ་ཚད་སྟེང་སོ་སོར་སྒོར་ཉིས་བརྒྱ་ཇེ་མཐོར་གཏོང་རྒྱུའི་ཐག་བཅད། ལེགས་སྒྲིག་བྱས་རྗེས་མ་མཐའི་ཟླ་ཕོགས་ཀྱི་ཚད་གཞི་དེ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་མི་རེར་ཟླ་རེར་སྒོར་སྟོང་གཅིག་དང་ཉིས་བརྒྱ་ལྔ་བཅུ་ཡིན་ལ། མཚོ་ལྷོ་དང་མཚོ་བྱང་། རྨ་ལྷོ་བཅས་ཁུལ་གསུམ་གྱི་མི་རེར་ཟླ་རེར་སྒོར་སྟོང་གཅིག་དང་ཉིས་བརྒྱ་དྲུག་ཅུ་ཡིན། མཚོ་ནུབ་དང་མགོ་ལོག ཡུལ་ཤུལ་བཅས་ཁུལ་གསུམ་གྱི་མི་རེར་ཟླ་རེར་སྒོར་སྟོང་གཅིག་དང་ཉིས་བརྒྱ་བདུན་ཡིན། ལས་ཤོར་ཉེན་ཚབ་མ་དངུལ་གྱི་ཚད་གཞི་དེ་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་མི་རེར་ཟླ་རེར་སྒོར་བདུན་བརྒྱ་དང་ཉི་ཤུ་ཡིན་པ་དང་། མཚོ་ལྷོ་དང་མཚོ་བྱང་། རྨ་ལྷོ་བཅས་ཁུལ་གསུམ་གྱི་མི་རེར་ཟླ་རེར་སྒོར་བདུན་བརྒྱ་དང་སུམ་ཅུ་ཡིན་ལ། མཚོ་ནུབ་དང་མགོ་ལོག ཡུལ་ཤུལ་བཅས་ཁུལ་གསུམ་གྱི་མི་རེར་ཟླ་རེར་སྒོར་བདུན་བརྒྱ་དང་བཞི་བཅུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག