མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མའོ་ཞའོ་པེན་གྱིས་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་པར་དོགས་པ་ཟ་ནས་རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-25 11:09

མའོ་ཞའོ་པེན།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞའོ་པེན་གྱིས་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་པར་དོགས་པ་ཟ་བས། ཉེ་ལམ་རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

མའོ་ཞའོ་པེན་ནི་ཟླ་འདིར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གོ་གནས་ཤོར་བའི་མཚོ་སྔོན་གྱི་དཔོན་རིགས་གསུམ་པ་ཡིན་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་སུ་གོ་གནས་ཤོར་བའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་དང་པུའུ་རིམ་པའི་དཔོན་རིགས་ཐོག་མ་རེད།

མའོ་ཞའོ་པེན་ནི་གཅིག་སྟོང་དགུ་བརྒྱ་རེ་ལྔ་ལོའི་ཟླ་བཞི་བར་སྐྱེས་པ་དང་། གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོར་བྱ་བར་ཞུགས། དེའི་རྗེས་ཀྱི་ལོ་བཅུ་ལྷག་གི་རིང་ལ་གཏེར་ལས་སྡེ་ཁག་ནས་བྱ་བ་བསྒྲུབས།

ཟླ་བཞི་བ་ནི་མའོ་ཞའོ་པེན་ལ་མཚོན་ན་དམིགས་བསལ་གྱི་ཟླ་ཞིག་ཡིན་པ་འདྲ་སྟེ། ཁོ་བྱ་བར་ཞུགས་ནས་ལོ་བཅོ་ལྔ་འགོར་བའི་ལོ་སྟེ་ཉིས་སྟོང་ལོའི་ཟླ་བཞི་བར། ཀྲུང་གོ་མདོག་ལྡན་ལྕགས་རིགས་བཟོ་ལས་སྤྱིའི་ཀུང་ཟིའི་མཚོ་སྔོན་ཞི་ཐེ་ཧྲན་རི་བོའི་གཏེར་དོན་ཅུའུ་གློག་འདོན་བཟོ་གྲྭའི་མགོ་གཙོ་གཞོན་པ་དང་མགོ་གཙོ། གཏེར་དོན་ཅུའུ་ཡི་མགོ་གཙོའི་ལག་རོགས། མགོ་གཙོ་གཞོན་པ། མགོ་གཙོ་སོགས་ཀྱི་འགན་ཁུར་མྱོང་བའི་མའོ་ཞའོ་པེན་གྱིས་མཚོ་སྔོན་ཞིང་ཆེན་ནུབ་རྒྱུད་གཏེར་ལས་ཚད་ཡོད་འགན་ལེན་ཀུང་ཟིའི་ཏུང་ཧྲི་ཀྲང་དང་། སྤྱི་གཉེར་པ། ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར། ལོ་དགུའི་རྗེས་ཀྱི་ཟླ་བཞི་བར་ལོ་ན་ཞེ་བཞི་ལ་བུད་པའི་མའོ་ཞའོ་པེན་གཏེར་ལས་སྡེ་ཁག་ནས་བུད་དེ་སྲིད་སྟེགས་སུ་ཞུགས་པ་སྟེ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཧྲི་ཀྲང་ཚབ་མ། ཧྲི་ཀྲང་བཅས་ཀྱི་འགན་ཁུར། ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་གཉིས་པར། ཟི་ལིང་ཁྱེར་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བ་དང་། སྔ་གཞུག་ཏུ་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་པོ་དང་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཡང་ཞོར་དུ་ཁུར། ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བའི་ཞོར་དུ་ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཁུར།

ད་ལོའི་ཟླ་བཞི་བར་བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་བཞི་བའི་ཚེས་བཞི་ཉིན་དང་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། མའོ་ཞའོ་པེན་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་ནས་བསྡུས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་དུས་མཆོད་བྱེད་པའི་བྱ་འགུལ་དང་ཟི་ལིང་བྱང་རིའི་མཛེས་སྡུག་སྐྱེད་མོས་ཚལ་ནས་བསྡུས་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་ཁག་བཞི་དང་། ཞིང་ཆེན་དམག་ཁུལ་དང་ཟི་ལིང་ཉེན་ཟོན་ཁུལ་གྱི་མགོ་ཁྲིད་ཀྱི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་མྱོང་།

ཁོའི་ཆབ་སྲིད་ཀྱི་ལས་འགན་ལ་ཟླ་བཞི་བའི་ཚེས་ཉེར་བཞི་ཉིན་རྫོགས་ཚིག་བཀོད་པ་སྟེ། ཉིན་དེའི་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་ང་ལྔའི་སྟེང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་མའོ་ཞའོ་པེན་གྱིས་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་པར་དོགས་པ་ཟ་བས། ཉེ་ལམ་རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད།

ཅེས་བསྒྲགས་ཏེ། པུའུ་རིམ་པ་གཞོན་པའི་དཔོན་རིགས་མའོ་ཞའོ་པེན་གྱི་གོ་གནས་ཤོར་བའི་གནས་ཚུལ་དངོས་སུ་བསྒྲགས།

ཟླ་བཞི་བའི་ཚེས་གཉིས་ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་པུའུ་ཡི་དྲ་ཚིགས་སྟེང་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་བཟོ་ལས་གླིང་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུང་ཕུའུ་ཡིས་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་ཚབས་ཆེན་བཟོས་པར་དོགས་པ་ཟ་བས། རྩ་འཛུགས་ཀྱིས་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་བསྒྲགས་ལ། ཉིན་བདུན་གྱི་རྗེས་སུ་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་སྐོར་ཞིབ་པ་གཞོན་པ་སུང་ཅིན་ཐའོ་ལ་ཡང་ཁྲིམས་འགལ་ལུགས་འགལ་གྱི་ནག་ཉེས་བཟོས་པར་དོགས་པ་ཟ་ནས་རྟོག་ཞིབ་བྱས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གིས་སྐོར་ཞིབ་ཐེངས་གསུམ་ལ་སྤེལ་ན་ཡང་། མཚོ་སྔོན་ད་དུང་སྐོར་ཞིབ་ཀྱི་ཁྱབ་ཁོངས་སུ་བཞག་མེད། པེ་ཅིན་ན་གཞོན་ཚགས་པར་གྱི་གསར་འགོད་པས་ནུབ་རྒྱུད་གཏེར་ལས་དྲ་ཚིགས་སྟེང་སྔོག་བཤེར་བྱས་པ་ལྟར་ན། མའོ་ཞའོ་པེན་ཐེངས་འགར་དྲ་ཐོག་ནས་གཏུག་བཤེར་བྱས་མྱོང་བ་དང་། ད་ལོའི་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་ལ་ཡང་དྲ་ཐོག་ནས་ཁོ་གཏུག་བཤེར་བྱས་མྱོང་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག