མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས13པའི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་ཟླ7པའི་ནང་སྤེལ་རྒྱུ་ཡིན་པ་དང་བྱ་དགའ་ཨ་སྒོར་ཁྲི100ཡར་འཕར་ཡོད་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོའི་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-04-25 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས23ཉིན།  སྐབས13པའི་མཚོ་སྔོན་པོ་བསྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ལྕགས་རྟ་འགྲན་སྡུར་གྲ་སྒྲིག་བྱ་བའི་གྲོས་ཚོགས་བསྡུས་ཏེ།  ད་ལོའི་ལྕགས་རྟ་འགྲན་སྡུར་གྱི་འགྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཧྲིན་ཀྲང་གཞོན་པ་ཀྲང་ཅེན་མིན་གྲོས་ཚོགས་སྟེང་ཞུགས་པ་མ་ཟད་གཏམ་བཤད་བྱས།  གསར་འགོད་པས་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན་མིག་སྔར་འགྲན་སྡུར་གྱི་ལམ་ཐུག་དང་ཉིན་རེའི་ལས་རིམ། འགྲན་ཞུགས་ལྕགས་རྟའི་རུ་ཁག་སོགས་གཏན་འཁེལ་བྱས་པ་དང་། འཛམ་གླིང་དུ་ལྕགས་རྟའི་འགྲན་སྡུར་གྱི་ཆུ་ཚད་མཐོ་བའི་རུ་ཁག་ནང་འགུག་བྱེད་ཆེད།  ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་བྱ་དགའ་ཨ་སྒོར་ཁྲི100ཡར་འཕར་ཡོད་ལ།  འགྲན་སྡུར་རྒྱལ་སྤྱིའི་རང་བཞིན་དང་ཆེད་ལས་རང་བཞིན།  ཚོང་ར་ཅན་དུ་གཏོང་བར་བརྩོན་ལེན་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅི་ཀྲང་ཀྲང་ཉིན་གྱིས་གྲོས་ཚོགས་ལས་སྐབས13པའི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་ཟླ7པའི་ཚེས6ཉིན་ནས་ཚེས19ཉིན་བར་སྤེལ་རྒྱུ་ཡིན་ལ།  བསྡོམས་པས་ཉིན14རིང་ལ་སྤེལ་རྒྱུ་རེད།  ཐེངས་འདིའི་ལྕགས་རྟ་འགྲན་སྡུར་ཐེངས་སྔོན་མའི་མཚོ་སྔོན་དང་ཀན་སུའུ། ཉིན་ཞ་བཅས་ཞིང་ཆེན་གསུམ་གྱི་ལྟེ་གནས་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་པ་དང་འགྲན་སྡུར་ལམ་ཐུག13ཡོད། དེའི་ནང་མཚོ་སྔོན་ཞིང་ཆེན་དུ་ལམ་ཐུག7.5ཡོད་པ་དང་ཀན་སུའུ་ཞིང་ཆེན་དུ་ལམ་ཐུག3.5ཡོད་པ།  ཉིན་ཞ་བོད་སྐྱོང་ལྗོངས་ཏུ་ལམ་ཐུག་གཉིས་ཡོད་པ་བཅས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འགྲན་བསྡུར་འགོ་རྩོམ་རྒྱུ་ཡིན་ལ།  མཐར་ཀན་སུའུ་ཞིང་ཆེན་ལན་ཀྲུག་གྲོང་ཁྱེར་ནས་མཇུག་རྫོགས་རྒྱུ་རེད།  ལམ་བར་ཏུ་ཏ་ཐོན་དང་ཧོ་ཀྲུའུ།  ནུབ་མཚོ་གྲོང་རྡལ། མཚོ་སྔོན་པོ།  ཁྲི་ཀ་དང་ཐིན་རིན། དཔའ་ལོང་། ཞོན་ཧ་དང་ལིན་ཞ།  ཐེན་ཧྲེ་དང་ཕིན་ལང་།  ཡུན་ཁྲོན་དང་ཀྲུང་ཝུས་སོགས་ས་ཁུལ་དང་གྲོང་ཁྱེར་བརྒྱུད་པར་ཟེར།

སྐབས13པའི་མཚོ་བསྐོར་ལྕགས་རྟ་འགྲན་སྡུར་གྱི་ལམ་ཐུག་ཡོངས་ལ་སྤྱི་ལེ3591ཡོད་པ་དང་།  དེའི་ནང་འགྲན་སྡུར་བྱེད་པའི་ལམ་ཐུག་སྤྱི་ལེ2201ཡོད།  ཐེངས་སྔོན་མའི་འགྲན་སྡུར་དང་བསྡུར་ན་སྤྱི་ལེ200ཇེ་རིང་དུ་སོང་ཡོད་པ་དང་།  བྱ་དགའ་ཨ་སྒོར་ཁྲི100ཡར་འཕར་ཡོད་པ་རེད།    ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག