མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-24 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་མགོ་འཛིན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ནས། སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་གསར་སྐྲུན་བྱེད་པའི2014ལོའི་བྱ་བའི་གཙོ་གནད་དང་ལས་བགོས་ཇུས་གཞི་ལ་ཞིབ་འཇུག་དང་། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་བཅོས་བསྒྱུར་སོགས་ཕྱོགས་ཀྱི་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ཉན་པ་མ་ཟད། ད་ལོའི་བྱ་བའི་ལས་འགན་སྔར་ལས་འཐུས་ཚང་དང་ཇེ་ཞིབ་ཏུ་བཏང་།

མཱ་ཧྲུན་ཆིན་དང་ཀྲང་ཅན་མེན། ཡན་ཅིན་ཧེ་བཅས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་། ནགས་ལས་ཐིན། ཞིང་ཕྱུགས་ཐིན། ཁོར་ཡུག་སྲུང་སྐྱོབ་ཐིན་བཅས་ཀྱི་འགན་ཁུར་མི་སྣས་སྔ་གཞུག་ཏུ་ཆེད་དོན་སྙན་ཞུ་ཕུལ། མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤེལ་རྒྱུ་ནི། ཆབ་སྲིད་ཀྱི་ལས་འགན་ཆེན་པོ་དང་མཚོ་སྔོན་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་གྱི་དགོས་མཁོ་ཡིན་པས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་ཇུས་གཞི་དངོས་སུ་ལག་བསྟར་བྱེད་བཞིན་པ་དང་། ང་ཚོས་ལོ་གསུམ་ལ་རྨང་གཞི་འདིང་བ་དང་། ལོ་བརྒྱད་ཀྱི་ནང་གྲུབ་འབྲས་ལེན་པའི་སྤྱི་ཁོག་གི་དམིགས་འབེན་དང་དམ་དུ་དམིགས་ནས། ལོ་རེ་བཞིན་དང་དོན་ཚན་རེ་རེ་བཞིན་ལས་འགན་བགོས་ཏེ། དོན་ཚན་རེ་རེ་བཞིན་ལག་བསྟར་བཟང་བོ་དང་ལོ་རེ་བཞིན་རྒྱུན་མཐུད་ནས་སྤེལ་བ་དང་། ལྷག་པར་དུ་བྱ་བའི་ལག་བསྟར་རང་བཞིན་དང་དཔྱད་ཞིབ་བྱེད་ཆོག་པའི་རང་བཞིན་ཇེ་དྲག་ཏུ་བཏང་ནས། ལས་འགན་སྣ་ཚོགས་ཕན་ནུས་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཚོགས་ཐོག་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བཟོ་སྐྲུན་སྐབས་གཉིས་པ་དང་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་རྐྱེན་ཆེན་པོ་ལྡན་པས། བཟོ་སྐྲུན་འདི་གཉིས་གཙོ་བོར་བཟུང་ནས། སྐབས་དང་པོའི་བཟོ་སྐྲུན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་ཉམས་མྱོང་སྤྱི་བསྡོམས་དང་དར་སྤེལ་གཏོང་བའི་རྨང་གཞིའི་སྟེང་། གནས་བབ་གསར་བའི་འོག་གི་ལས་འགན་གསར་བ་དང་གནས་ཚུལ་གསར་བར་ཞིབ་འཇུག་ཟབ་མོ་བྱེད་པ་དང་། སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་དང་ཟུང་འབྲེལ་བྱས་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གནད་དོན་ཐག་གཅོད་དང་། སྟོབས་ཤུགས་ཆེན་པོས་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་སྤེལ་བ། ཕྱོགས་བསྡུས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་དམངས་འཚོ་ལེགས་བསྒྱུར་ལ་འགན་སྲུང་། འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད། ས་ཁོངས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་བྱེད་པ་བཅས་བྱས་ནས། སྐབས་གཉིས་པའི་བཟོ་སྐྲུན་གྱིས་ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་ལ་འདེགས་སྐྱོར་དང་། ཚོད་ལྟ་ཁུལ་གྱི་འཛུགས་སྐྲུན་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་གསར་སྐྲུན་བྱ་བར་སྐུལ་འདེད་བྱེད་པའི་གནས་བབ་ཆགས་པར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ་གྱི་གསར་སྐྲུན་དེ། སྐྱེ་ཁམས་བཟོ་སྐྲུན་ལས་གཞིའི་འཛུགས་སྐྲུན་སྟེང་མངོན་དགོས་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་ལམ་ལུགས་འཛུགས་སྐྲུན་སྟེང་ཡང་མངོན་པར་བྱེད་དགོས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྤེལ་ན། ངེས་པར་དུ་རྩ་འཛུགས་ཀྱི་འགན་སྲུང་ལ་ཤུགས་སྣོན་དགོས་པ་དང་། མགོ་ཁྲིད་ཚན་ཆུང་དང་གཞུང་སྒྲུབ་ཁང་གིས་འགན་བཟང་བོར་ཁུར་ནས། འགན་ནུས་ལག་བསྟར་དང་འགན་བཟང་བོར་ཁུར་དགོས་པ་དང་། ཁོངས་གཏོགས་ལས་ཁུངས་སོ་སོས་གཞོགས་འདེགས་དང་མཉམ་ལས་དམ་པོ་བྱས་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ལ། དངུལ་གཏོང་ཐད་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས། ཚན་རིག་དང་མཐུན་པར་ལས་གཞིའི་མ་དངུལ་མཉམ་བསྲེས་དང་། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་མཐོར་འདེགས་བྱས་ནས། ཧུར་ཐག་གིས་རིགས་སྣ་མང་བའི་དངུལ་གཏོང་དང་དངུལ་བསྲེས་སྒྲིག་སྲོལ་འཛུགས་པ་དང་། སྒྲིག་གཞིའི་འགན་སྲུང་ལ་ཤུགས་བསྣན་ནས། སྐྱེ་ཁམས་དཔལ་ཡོན་གྱི་རེ་བ་མངོན་པར་བྱེད་པའི་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་ཐབས། བྱ་དགའ་དང་ཆད་གཅོད་སྒྲིག་སྲོལ་གྲུབ་པར་བྱེད་པ། ཤེས་ལྡན་མི་སྣའི་ཐད་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས། རྨང་གཞིའི་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་། ལས་ཞུགས་དང་ལས་ལམ་གསར་འབྱེད། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་བྱ་བར་སྔར་ལས་གཙིགས་འཛིན་བྱས་ཏེ། གཞི་རྩའི་སྟེང་ནས་གནད་དོན་ཐག་གཅོད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག