མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བློ་མཐུན་ངག་དགའི་བྱས་རྗེས་སྙན་ཞུ་ཚོགས་འདུ་ཡུལ་ཤུལ་ནས་བསྡུས་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-16 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་བློ་མཐུན་ངག་དགའི་བྱས་རྗེས་དང་འབྲེལ་བའི་སྙན་ཞུ་ཚོགས་འདུ་ཐོག་མ་བསྡུས་ཏེ།ཡུལ་ཤུལ་ཁུལ་ཏང་ཨུའི་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་ལས་བྱེད་པ།གཞི་རིམ་མང་ཚོགས་བཅས་ཀྱིས་སྙན་ཞུའི་ཚོགས་འདུར་གཟབ་ཉན་བྱས་པར་མ་ཟད།བློ་མཐུན་ངག་དགས་བརྩེ་སེམས་ཡོད་རྒུ་མཐའ་ཡས་པའི་ཡུལ་ཤུལ་རྩྭ་ཐང་སྟེང་ཕངས་མེད་དུ་སྦྱིན་པའི་བླ་མེད་སྤྱོད་བཟང་ལ་དྲན་གསོ་བྱས།

སྙན་ཞུ་ཚོགས་འདུའི་སྟེང་།སྙན་ཞུ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཟུར་དང་མཐོང་སྣེ་མི་འདྲ་བ་སོ་སོ་ནས་བློ་མཐུན་ངག་དགས་ཡུལ་ཤུལ་གྱི་རིག་གནས་བྱ་གཞག་ཆེད་ཡོད་ཚད་བློས་བཏང་བའི་སྤྱོད་བཟང་ལ་དྲན་གསོ་བྱས་པ་ཕུད།བརྩེ་སེམས་ཡོད་རྒུ་ཡུལ་ཤུལ་བསྐྱར་བསྐྲུན་ཁྲོད་ཕངས་མེད་དུ་ཕུལ་བའི་སྔོན་ཐོན་མཛད་རྗེས་ལ་གོང་བཀུར་བླ་མེད་བྱས།

བློ་མཐུན་ངག་དགས་ཁོང་གི་མི་ཚེ་གང་བོ་ཡུལ་ཤུལ་གྱི་རིག་གནས་ལས་རིགས་ཞིབ་འཇུག་དང་གསར་རྩོམ།འཕེལ་རྒྱས།དྲིལ་སྒྲོག་བཅས་ཀྱི་ཐད་ཕུལ་ནས།ཡུལ་ཤུལ་གྱི་ཕུལ་བྱུང་རིག་གནས་སྔོག་འདོན་དང་རྒྱུད་འཛིན་ལ་བྱས་རྗེས་གཞལ་ཐབས་བྲལ་བ་བཞག་མྱོང་བར་མ་ཟད།ད་དུང་གཙང་གསུམ་འབྱུང་ཡུལ་དང་གླུ་གར་གྱི་འབྱུང་གནས།གནག་ཕྱུགས་ཀྱི་ཕ་ས།ཐང་བོད་གནའ་ལམ་བཅས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཚོང་རྟགས་གྲགས་ཅན་བསྐྲུན་པར་རྔུལ་ཆུ་བར་མེད་དུ་གཏོར་མྱོང་ཡོད།མདོར་ན།ཁོང་གིས་རིག་གནས་ལས་རིགས་ཀྱི་འཕེལ་རྒྱས་ཕྱོགས་ལ་བྱས་རྗེས་རླབས་ཆེན་བཞག་མྱོང་ཡོད།

དེ་སྔ་བློ་མཐུན་ངག་དགས་རིག་གནས་སྡེ་ཁག་ཏུ་བྱ་བ་སྒྲུབ་པའི་སྐབས་སུ།ཁོ་རྒྱུན་པར་གཞི་རིམ་མང་ཚོགས་ཀྱི་ཁྲོད་ཟབ་ཞུགས་བྱེད་རྒྱུར་དགའ་བས།སྔ་ཕྱིར་ཡུལ་ཤུལ་དམངས་ཁྲོད་ཀྱི་རྩོམ་རིག་དང་དམངས་གླུ་ཁྱོན་བསྡོམས་དེབ་ཕྲེང་བཅུ་ལ་ལོན་པ་ཙམ་བསྡུ་སྒྲིག་བྱས་ནས་པར་དུ་བཏབ་ཡོད་ལ།ཡུལ་ཤུལ་ས་གནས་ནས་བསྡུ་སྒྲིག་བྱས་པའི་འཛམ་གླིང་གེ་སར་རྒྱལ་བའི་སྒྲུང་སྣ་དོན་བདུན་ཙམ།སྙན་ངག་དང་གླུ་ཚིག་སུམ་བརྒྱ་ཙམ་གསར་རྩོམ་བྱས་མྱོང་ཡོད།

ཡུལ་ཤུལ་བཞི་གཅིག་བཞི་ས་འགུལ་བྱུང་རྗེས།བློ་མཐུན་ངག་དགའ་ཧུར་བརྩོན་ཆེན་པོས་གནོད་སེལ་རྒུད་སྐྱོབ་དང་གནོད་ཤུལ་བསྐྱར་བསྐྲུན་ཁྲོད་ཞུགས་ནས།གླུ་གར་ཟློས་གར«ཡུལ་ཤུལ་གྱིས་དུས་གཏན་དུ་བརྗེད་མི་སྲིད»ཅེས་པ་གསར་རྩོམ་དང་འཁྲབ་སྟོན་གྲ་སྒྲིག་གི་བྱ་བ་ཡོད་ཚད་ལས་པ་མ་ཟད།ད་དུང་རྒྱལ་ཡོངས་ཀྱི་ས་ཆ་ག་ས་གང་དུ་ཟློས་གར་འདི་ཉིད་འཁྲབ་སྟོན་བྱས་རྗེས།རྒྱལ་ཡོངས་མི་དམངས་ཀྱི་གདེང་འཇོག་ཚད་མཐོན་པོ་ཐོབ་པས།ཟློས་གར་འདི་ཉིད་སྐབས་དགུ་བའི་མཚོ་སྔོན་ཞིང་ཆེན་གྱི་བསམ་པའི་རིག་གནས་འཛུགས་སྐྲུན་དང་རིག་གནས་འཕེལ་རྒྱས་ཀྱི་ལྔ་བཀོད་གཅིག་གི་བཟོ་སྐྲུན་བྱ་དགར་བདམས་མྱོང་།ཡུལ་ཤུལ་གནོད་ཐེབས་རྗེས་ཀྱི་བསྐྱར་བསྐྲུན་བྱ་བ་མཇུག་སྒྲིལ་རྗེས།བློ་མཐུན་ངག་དགས་ཐུང་ཐུང་གི་དུས་ཡུན་བེད་སྤྱད་དེ་དགའ་སྟོན་ཚོགས་ཆེན་ལ་ཇུས་འགོད་དང་བཀོད་འདོམས་བྱས།དགའ་སྟོན་ཚོགས་ཆེན་མཇུག་སྒྲིལ་མ་ཐག་ནས་བཟུང་བློ་མཐུན་ངག་དགའ་ནད་བྱུང་ནས་མལ་སར་ལྷུང་བ་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཁུལ་ཡོངས་ཀྱི་མངའ་ཁོངས་ནས་བློ་མཐུན་ངག་དགའི་བླ་མེད་སྤྱོད་བཟང་དང་ཡུལ་ཤུལ་འཕེལ་རྒྱས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པའི་ལག་རྗེས་ལ་སློབ་སྦྱོང་བྱེད་དགོས་པའི་བྱ་འགུལ་རིམ་པར་སྤེལ་ནས།ལས་བྱེད་མང་ཚོགས་ཀྱིས་བློ་མཐུན་ངག་དགའ་མིག་དཔེ་རུ་འཛིན་པར་སྐུལ་སློང་དང་ཡར་སྐུལ་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་ཡུལ་ཤུལ་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་དང་ཡུལ་ཤུལ་གསར་བའི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་མཐར།སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འདོན་པ་དང་བྱས་རྗེས་འཇོག་དགོས་པར་སྐུལ་འདེད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག