མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལྟ་ཞིབ་ཚད་ལེན་བྱས་པའི་ཐོག་ནས་རྫ་ཆུའི་ཆུ་འགོ་དེ་ཉིད་གསའ་གཟིག་ འཚོ་གནས་ཁུལ་གཙོ་བོ་ཡིན་བཟོ་མངོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-04-16 10:31

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རྫ་སྟོད་རྫོང་དུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར།འདས་ཟིན་པའི་ཟླ་བ་གཅིག་ནང་དམར་ཕྱིའི་པར་ཆས་ཀྱིས་རྫོང་དེའི་རྫ་ཆེན་ཤང་ཉེ་འགྲམ་གྱི་སྤྱི་ལེ་ངོས་གྲུ་106གི་གསའ་གཟིག་འཚོ་གནས་ཁུལ་གྱི་ཁྱབ་ཁོངས་ནང་གསའ་གཟིག་འགུལ་སྐྱོད་བྱེད་པའི་པར་ཐེངས་7བླངས་པར་དབྱེ་འབྱེད་ངོས་འཛིན་བྱས་པ་བརྒྱུད་གསའ་གཟིག་གསུམ་ནི་ན་ལོན་གསའ་གཟིག་ཡིན་པ་རེད།

    རྫ་སྟོད་རྫོང་དུ་པེ་ཅིང་སློབ་ཆེན་དང་པེ་ཅིང་རི་ཆུའི་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་སྤེལ་བའི་རྫ་ཆུ་རྒྱུག་ཁུལ་གྱི་སྣོད་བཅུད་མ་ལག་སྲུང་སྐྱོང་གི་རྣམ་གྲངས་ནང་ཞུགས་མཁན་པེ་ཅིང་སློབ་ཆེན་སྐྱེ་དངོས་སྲུང་སྐྱོང་རིག་པའི་མཆོག་རམས་པ་ལི་ཅོན་གྱིས་ལྟ་ཞིབ་ཚད་ལེན་བྱས་པའི་འབྲས་བུའི་ཐོག་ནས་རྫ་སྟོད་རྫོང་གི་གསའ་གཟིག་གི་ཁྱུ་ཚོ་ཁྱབ་ཚུལ་དེ་འཛམ་གླིང་ཁྱབ་ཁོངས་ངོས་ནས་བརྗོད་ཚེ་ཁྱུ་ཚོ་འདུས་ཚད་ཆེ་ཙམ་གྱི་ཁོངས་སུ་གཏོགས་པ་མངོན་ཡོད་ཅེས་བརྗོད་པ་རེད།

    ལི་ཅོན་གྱིས“དཔེ་དབྱིབས་སྔོན་དཔག་ཚད་ལེན་བྱས་ནས་ཐོབ་པའི་གྲངས་གཞིར་བལྟས་ཚེ།རྫ་སྟོད་རྫོང་གི་གསའ་གཟིག་འཚོ་གནས་ཁྱབ་ཚུལ་དེས་ཡུན་རིང་གསའ་གཟིག་གི་ཁྱུ་ཚོ་འཚོ་གནས་བྱེད་ཐུབ།ས་རྒྱ་ཆེ་ལ་མུ་འབྲེལ་གྱི་འཚོ་གནས་ཁུལ་རྫ་སྟོད་རྫོང་དུ་ཧ་ཅང་གཅིག་སྡུད་ཡིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་20094ཟིན་པ་དེ་ནི་ཀྲུང་གོའི་ཡུག་འབྲེལ་འཚོ་གནས་ཁུལ་ཆེ་ཤོས་ཡིན་པ་དང་གཙང་གསུམ་ཆུ་འགོའི་གསའ་གཟིག་འཚོ་གནས་ཁུལ་གཙོ་བོའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་89600ཡོད་པའི་ཁྲོད་ཀྱི་22%བཟུང་ཡོད་པས་རྫ་སྟོད་རྫོང་གི་གསུམ་ཆ་གཉིས་ཀྱི་ས་ཁོངས་མང་ཆེ་བ་གསའ་གཟིག་འཚོ་གནས་བྱ་རྒྱུར་འཚམ་པའི་ས་ཆ་ཡིན་ཞེས་བརྗོད་ཆོག”ཅེས་བཤད།

    རྫ་སྟོད་རྫོང་དེ་ཉིད་རྫ་ཆུའི་ཆུ་འགོར་གནས་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱེད་པའི་གཙོ་གནད་ས་ཁུལ་ཡིན་པ་རེད།ཉེ་བའི་ལོ་ཤས་རིང་གཙང་གསུམ་ཆུ་འགོའི་ཁུལ་དང་ལྷག་དོན་དུ་རྫ་ཆུའི་ཆུ་འགོའི་ཁུལ་དུ་གསའ་གཟིག་མཐོང་ཚད་མང་དུ་ཕྱིན་ཡོད།ཡུལ་ཤུལ་རྫོང་ཧ་ཤུལ་ཤང་དང་འབྲི་སྟོད་རྫོང་ཟོ་རྐྱ་ཤང་དུ་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་བཙུགས་པའི་དམར་ཕྱིའི་པར་ཆས་ཀྱིས་ཀྱང་གསའ་གཟིག་གི་པར་ཐེངས་མང་བླངས་ཡོད།

    ལུའེ་ཀྲི་ཡིས“ཚོད་རྩིས་བྱས་པར་གཞིགས་ན།ཀྲུང་གོར་འཛམ་གླིང་ཡོངས་ཀྱི་གསའ་གཟིག་འཚོ་གནས་ཁུལ་དང་ཁྱུ་ཚོའི་60%ལྷག་ཙམ་ཟིན་ཡོད་པ་དང་ཀྲུང་གོ་ཙམ་མ་ཟད།ཐ་ན་འཛམ་གླིང་གི་གསའ་གཟིག་སྲུང་སྐྱོང་གི་གནས་བབ་ནང་རྫ་སྟོད་རྫོང་གིས་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད”ཅེས་བརྗོད་པ་རེད།

    གསའ་གཟིག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་མཐོ་གྲང་རི་ཁུལ་སྣོད་བཅུད་མ་ལག་གི་སྲོག་ཆགས་རིགས་གཙོ་བོ་ཡིན་པའི་ངོས་ནས་བྲག་རི་གཡང་གཟར་ཁུལ་དུ་འཚོ་གནས་བྱེད་པ་དང་དོགས་ཟོན་ཆེ་བའི་འཚོ་སྡོད་གོམས་གཤིས་དབང་གིས་མི་རྣམས་ཀྱིས“ས་མཐོའི་སྤྱང་གྲུང་ལྡན་པའི་སྲོག་ཆགས”ཞེས་བརྗོད་ཀྱི་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག