མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་གོ་རིམ་རྗེས་མའི་བྱ་བའི་བཀོད་སྒྲིག་ལ་ཞིབ་འཇུག་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཚེས11ཉིན་གྱི་སྔ་དྲོར་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། གོ་རིམ་རྗེས་མའི་བྱ་བའི་བྱེད་ཐབས་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་ཚོགས་འདུར་མགོ་འཛིན་བྱས།

གྲོས་ཚོགས་སྟེང་བལྟས་ན། ད་ལོར་ཞིང་ཆེན་ཡོངས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་ཐད་ཀྱི་ཇུས་ཆོད་དང་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་ནན་མོ་བྱས་པ་དང་། རིམ་པ་སོ་སོའི་སྲིད་གཞུང་གིས་རང་འགུལ་གྱིས་བྱེད་ཐབས་སྤྱད་དེ། བརྟན་བརླིང་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ལ། བྱ་བ་སྣ་ཚོགས་བཟུང་བ་སྔ་ཞིང་དམ་ལ། དངོས་གཉེར་ཡིན་པས། དཔལ་འབྱོར་འཁོར་རྒྱུག་ཐད་བརྟན་བརླིང་གི་མགོ་བཟང་བོ་ཞིག་བརྩམས་པ་དང་། གྲུབ་ཚུལ་ལེགས་སྒྲིག་ལ་གྲུབ་འབྲས་གསར་བ་བྱུང་ཞིང་། ཚོད་དཔག་བྱས་ན་དཔལ་འབྱོར་གྱི་དམིགས་བསལ་མང་ཆེ་ཤོས་སྔོན་ལོའི་དུས་མཉམ་ལས་བཟང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་སོང་བ་དང་དངུལ་ཁང་གི་བུ་ལོན་སྐྱེད་ཀ་ཁྲོམ་ར་ཅན་དུ་བཏང་བའི་ཁོར་ཡུག་འོག་ཏུ། འདི་ལྟ་བུའི་གྲུབ་འབྲས་ལེན་རྒྱུ་ཧ་ཅང་དཀའ། ཡིན་ནའང་དགའ་སྐྱོ་མཉམ་འདྲེས་ལྟར་དུ་གྲུབ་འབྲས་ཀྱི་ཞོར་ལ་གནད་དོན་ཡང་མི་ཉུང་བ་ཡོད་དེ་གཙོ་བོ་བཟོ་ལས་ཐོན་རྫས་གཙོ་བོའི་ཁྲོམ་རའི་རིན་གོང་བསྟུད་མར་ཇེ་དམའ་རུ་སོང་བ་དང་། ནོར་སྲིད་ཀྱི་ཡོང་སྒོ་སྤོར་བའི་དཀའ་ངལ་ཇེ་ཆེར་སོང་བ་སོགས་ཡིན་པར་འདོད།

གྲོས་ཚོགས་སྟེང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་ནི། སྔོན་དཔག་རང་བཞིན་ཇེ་ཆེར་བཏང་སྟེ་དཔལ་འབྱོར་རྒྱུན་སྲིང་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་གལ་ཆེ་བས། ང་ཚོས་ངེས་པར་དུ་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་སྤྱི་དང་རྒྱལ་ནང་གི་རྒྱབ་ལྗོངས་ཆེན་པོའི་འོག་བཞག་སྟེ་དེར་ཇུས་འགོད་དང་སྐུལ་འདེད་བྱེད་དགོས། གོ་རིམ་རྗེས་མར་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཉེ་སྔོན་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ཀྱི་གོ་སྐབས་དམ་དུ་བཟུང་སྟེ། བཅོས་སྒྱུར་དང་གསར་སྐྲུན་གཉིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་སོ་སོར་སྦྲེལ་ནས། འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། ལས་ཞུགས་ལ་ཡར་སྐུལ་བྱེད་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་ཐབས་རྒྱུན་འཁྱོངས་བྱེད་པ་དང་། ཚད་མཐའི་བསམ་གཞིགས་ཇེ་དྲག་ཏུ་གཏོང་བ། དམིགས་ཡུལ་ཡོད་པའི་སྒོ་ནས་གནས་ཚུལ་གསར་བ་དང་གནད་དོན་གསར་བ་ཐག་གཅོད་པ་བཅས་བྱས་ཏེ། ལོ་སྟོད་ཀྱི་དུས་ཚོད་ཚར་ན་ལོ་གཅིག་གི་ལས་འགན་གྱི་ཕྱེད་ཀ་ཡང་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་སྟེང་གཤམ་གྱི་བྱ་བ་གལ་ཆེན་འདི་དག་གཟབ་ནན་གྱིས་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན་པ་སྟེ། གཅིག དངུལ་གཏོང་གིས་ཕན་འབྲས་ལ་སྐུལ་ཁྲིད་བྱེད་པའི་རྒྱ་སྔར་ལས་ཇེ་ཆེར་གཏོང་དགོས་པ། གཉིས། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ནོར་སྲིད་དང་དངུལ་རྩའི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས་པ། གསུམ། འབད་པ་ལྷུར་ལེན་གྱིས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས་པ། བཞི། ས་ཁུལ་གཙོ་བོའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ། ལྔ། བཅོས་སྒྱུར་ཟབ་སྤེལ་གྱིས་ཁྲོམ་རའི་གསོན་ཤུགས་བསྐྱེད་དགོས་པ། དྲུག སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དགོས་པ། བདུན། དམངས་འཚོར་བསྟུད་མར་འགན་སྲུང་དང་ལེགས་བཅོས་བྱེད་དགོས་པ། བརྒྱད། ཕྱི་ཕྱོགས་སྒོ་འབྱེད་ཀྱི་བར་སྟོང་གསར་བ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས་པ་བཅས་རེད།

གྲོས་ཚོགས་སྟེང«མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་བའི་མཁར་གྲོང་ཅན་འཕེལ་རྒྱས་འཆར་འགོད།»དང«མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་མ་ལག་འཆར་འགོད།»ལ་གྲོས་ཞིབ་བྱས་པ་མ་ཟད་རྩ་དོན་སྟེང་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག