མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ཏུའུ་ལན་དང་ན་གོར་མོའི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-04-14 09:17

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཉེ་སྔོན་ཏུའུ་ལན་རྫོང་དང་ན་གོར་མོ་གྲོང་ཁྱེར་གྱི་ཞིང་སྡེའི་གཞིས་ཁུལ་དང་ཞིང་ཁ་སོགས་སུ་སོང་ནས། དཀའ་ཁག་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། ཕྱུག་བསྒྱུར་ནུས་པ་ཅན་ལ་སྐོར་བརྒྱབ་པ་མ་ཟད། ཁྱད་ལྡན་ཞིང་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་པའི་ཡོང་སྒོ་སྤར་ཏེ་ཕྱུག་པོར་བསྒྱུར་བ། མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན་བྱེད་པ་བཅས་ཐད་ཀྱི་བྱ་བར་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྟོག་ཞིབ་བྱས།

མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ནི་ཐེངས་འདིར་ཧའོ་ཕིན་གྱིས་རྟོག་ཞིབ་བྱེད་ཡུལ་གཙོ་བོ་ཞིག་རེད། ཏུའུ་ལན་རྫོང་ཚྭ་ཧན་སུའུ་གྲོང་རྡལ་ཏུང་ཧྲན་ཀིན་སྡེ་བ་ནས། ཧའོ་ཕིན་སྔོ་ཚོད་དྲོད་ཁང་དུ་སོང་ནས། ཐོན་སྐྱེད་གནས་ཚུལ་དང་སྔོ་ཚོད་ཁྲའོ་རའི་གནས་ཚུལ་ཞིབ་འདྲི་བྱས། ཡུལ་དངོས་ཀྱི་འགན་ཁུར་པས་ཧྲིན་ཀྲང་ལ་ས་དེའི་དྲོད་ཁང་དྲུག་བརྒྱ་ནས་ཐོན་སྐྱེད་བྱས་པའི་སྔོ་ཚོད་ལ་རིགས་སུམ་ཅུ་ལྷག་ཡོད་པ་དང་། ཏུའུ་ལན་རྫོང་གི་སྔོ་ཚོད་ཀྱི་རིན་གོང་བརྟན་འཇགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་པའི་གནས་ཚུལ་བཤད་པ་ན། ཧའོ་ཕིན་གྱིས་དེར་གཟེངས་བསྟོད་བྱས། ཁོས་ཚང་མས་ཞན་ཆ་བཟང་ཆར་བསྒྱུར་ཏེ། རང་རྫོང་དང་མཐའ་འཁོར་གྱི་ཁྲོམ་ར་ལ་དམིགས་དགོས་པ་མ་ཟད། ད་དུང་ཟི་ལིང་གི་ཁྲོམ་ར་ལ་ཡང་དམིགས་ཏེ། གཞི་ཁྱོན་ཇེ་ཆེར་གཏོང་བ་དང་། རྒྱུ་སྤུས་ཇེ་མཐོར་གཏོང་བ། ཐོན་རྫས་གྲགས་ཅན་བསྐྲུན་པ། ཚོང་ལམ་འབྱེད་པ་བཅས་བྱས་ཏེ། ཞིང་པའི་ཡོང་སྒོ་ཇེ་མང་ལ་གཏོང་བ་དང་མཉམ་དུ། གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ཡང་ཞབས་འདེགས་ཞུ་དགོས་པའི་སྐུལ་མ་བཏང་།

ཉེ་བའི་ལོ་འགའི་རིང་ལ། ཚྭ་འདམ་གཞོང་གིས་འཕང་འབྲས་འདེབས་འཛུགས་དང་ལས་སྣོན་ཐོན་ལས་གཞི་ཁྱོན་ཆེན་པོས་སྤེལ་བཞིན་ཡོད། ཧའོ་ཕིན་གྱིས་ཇི་ལྟར་འཕང་འབྲས་ཐོན་ལས་སྔར་ལས་དར་རྒྱས་སུ་བཏང་ནས། དཔལ་འབྱོར་གྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་བསྟུད་མར་ཇེ་མཐོར་གཏོང་བར་ཧ་ཅང་སེམས་ཁུར་བྱེད་བཞིན་ཡོད། ནོ་མུའུ་ཧུང་ཞིང་ར་དང་འཕང་འབྲས་ཐོན་སྐྱེད་རྟེན་གཞི་ནས། ཁོས་འཕང་འབྲས་ནི་སྐྱེ་ཁམས་ལོ་ཏོག་ཅིག་ཡིན་པ་མ་ཟད་དཔལ་འབྱོར་ལོ་ཏོག་ཅིག་ཀྱང་ཡིན་ལ། འཕང་འབྲས་ཐོན་ལས་ཆེས་ཆེར་འཕེལ་རྒྱས་སུ་བཏང་ན། ཚྭ་འདམ་གཞོང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བར་ནུས་པ་ཧ་ཅང་གལ་ཆེན་ཐོན་ཐུབ་པས། ནོ་མུའུ་ཧུང་ཞིང་རས་ཚྭ་འདམ་གཞོང་གི་འཕང་འབྲས་ཀྱི་མཚན་སྙན་སྔར་ལས་ཇེ་ཆེར་བཏང་ནས། ཚྭ་འདམ་གཞོང་འཕང་འབྲས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་པ་བྱེད་དགོས་ཞེས་བཤད།

ཏུའུ་ལན་རྫོང་རྒུ་རུ་ཞང་ཕྱུག་ལྷ་གསེར་ཐང་སྡེ་བ་ནི་མཐོ་སྒང་གི་མཛེས་སྡུག་གི་ཞང་སྡེ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་ས་ཁུལ་ཡིན། བོད་ལུགས་ཀྱི་སྡོད་ཁང་གསར་བ་རེ་རེར་སོང་ནས། ཧའོ་ཕིན་གྱིས་སྡེ་བའི་མང་ཚོགས་ལ་བརྩེ་བའི་ཁ་བརྡ་བྱས་ཏེ། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དྲིས། རྒུ་རུ་ཞང་གིས་འབྲོག་དམངས་གཏན་སྡོད་བཟོ་སྐྲུན་དང་སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན། ཁེ་ལས་དང་ས་གནས་ཀྱི་མཉམ་འཛུགས་བཅས་དམ་དུ་སྦྲེལ་ནས། མཚོ་སྔོན་ཧྲན་ཅིན་ཀུང་ཟི་དང་ལག་རྡང་མཉམ་སྦྲེལ་གྱིས་གསེར་གཞོངས་རྒུ་རུ་བཟོ་ཚོང་ཀུང་ཟི་བཙུགས་ཏེ། གཉིས་ཕན་མཉམ་རྒྱལ་གྱིས་གོང་འཕེལ་དུ་གཏོང་བཞིན་པ་མཐོང་རྗེས། ཧའོ་ཕིན་གྱིས་དགའ་སྤྲོ་ཆེན་པོས་ཁྱེད་ཚོས་ཁེ་ལས་དང་མཉམ་ལས་ཁང་། འབྲོག་དམངས་བཅས་མཉམ་འབྲེལ་གྱི་ཐོན་སྐྱེད་བདག་གཉེར་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། ཞང་སྡེའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་འབྲོག་ཁུལ་གྱི་ངལ་རྩོལ་པ་ལྷག་མའི་ལས་ཞུགས་གནད་དོན་ཐག་བཅད་པ་མ་ཟད། ཁེ་ལས་ཀྱི་ལས་བཟོ་བའི་གནད་དོན་དང་འཚོ་བའི་འགན་སྲུང་སོགས་ཀྱི་གནད་དོན་ཐག་བཅད་པ་འདི་ཧ་ཅང་བཟང་ཞེས་བཤད། ཁོས་ཁུལ་དང་རྫོང་གི་འགན་ཁུར་པར་སྔར་ལས་འཚོལ་ཞིབ་གསར་སྐྲུན་དང་སྒྲིག་ལུགས་འཐུས་ཚང་དུ་བཏང་ནས། རྩ་འཛུགས་མཉམ་འཛུགས་དང་འཕེལ་རྒྱས་མཉམ་གཉེར། དཀའ་གནད་མཉམ་སེལ། འཆམ་མཐུན་མཉམ་བསྐྲུན་བཅས་བྱེད་དགོས་པའི་སྐུལ་མ་བཏང་།

རྟོག་ཞིབ་བྱེད་སྐབས་ཧའོ་ཕིན་ད་དུང་ན་གོར་མོ་གྲོང་ཁྱེར་ཀོ་ལེ་མུའུ་ཏི་གྲོང་རྡལ་ཁྲིན་པེ་སྡེ་བར་སོང་ནས། ཡུལ་དངོས་ནས་དཔྱིད་འདེབས་གནས་ཚུལ་ལ་བལྟས་པ་དང་། ཏང་ཡོན་རྒན་པ་དང་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་བྱས་པ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་བཞུགས་མོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག