མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོའི་གེ་སར་རིག་གནས་གཞི་འཛིན་གྲངས་མཛོད་དྲ་བ་ཐོག་མ་ཤར་གཏོང་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-04-14 09:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས9ཉིན་ཀྲུང་གོའི་གེ་སར་རིག་གནས་གཞི་འཛིན་གྲངས་མཛོད་དྲ་བ་ཐོག་མ་སྟེ་རྨ་ཡུལ་གེ་སར་དྲ་ཚིགས་དེ་དངོས་སུ་ཤར་གཏོང་བྱས་ཤིང་། དེ་ནི་མི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་རྩོམ་རིང་མོ་《གེ་སར་སྒྲུང་》གི་རིག་གནས་ཞིབ་འཇུག་ངོམ་སྟོན་དང་མཚམས་སྦྱོར་བྱེད་པའི་སྟེགས་བུ་ཞིག་ཡིན།

མཚོ་སྔོན་མགོ་ལོག་ཁུལ་གྱི་རིག་གནས་ལུས་རྩལ་ཅུས་ཀྱི་འགོ་གཙོའམ་རྨ་ཡུལ་གེ་སར་དྲ་ཚིགས་ཀྱི་དབུ་འཛུགས་པ་རྡོ་རྗེ་རྒྱལ་མཚན་གྱིས། རྨ་ཡུལ་གེ་སར་དྲ་ཚིགས་ནི་ཀྲུང་གོས་རྨ་འབྲི་རྫ་གསུམ་འབྱུང་ཁུལ་གྱི་གེ་སར་རིག་གནས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱེད་པའི་གཞི་འཛིན་གྲངས་མཛོད་ཀྱི་དྲ་རྒྱའི་སྟེགས་བུ་ཐོག་མ་ཡིན་ཞིང་། དྲ་ཚིགས་ཡོངས་བོད་ཡིག་གི་པར་ངོས་དང་། དབྱིན་ཡིག་པར་ངོས། ཆེད་སྒྲིག་པར་ངོས། གཞི་འཛིན་གྲངས་མཛོད་བཅས་པར་ངོས་ཆེན་པོ་བཞིས་གྲུབ་ཡོད་པ་དང་། ནང་དོན་འཕྲིན་གསར་དང་། མི་སྣ། གནའ་ཤུལ། གྲུབ་འབྲས། རླུང་འཕྲིན་དང་བརྙན་འཕྲིན། པར་མཛོད། ཆེད་སྒྲིག་སོགས་ལེ་ཚན་༨དང་། ཆེད་མཁས་པ། སྒྲུང་པ། ལོ་རྒྱུས་སྙན་རྩོམ་གྱི་མི་སྣ། ཤུལ་རྗེས། ཤུལ་བཞག་དངོས་རྫས། བརྩམས་ཆོས་སོགས་ནང་གསེས་ལེ་ཚན་༡༥ལ་ཁྱབ་ཡོད་ཟེར།

གེ་སར་རིག་གནས་གཞི་འཛིན་གྲངས་མཛོད་རྣམ་གྲངས་ཀྱི་འགན་འཁུར་བ་དབང་ཆེན་ཚེ་རིང་གིས་ངོ་སྤྲོད་ལྟར་ན། དྲ་ཚིགས་འདི་འཛུགས་དུས་ཐོག་མར་དྲ་བའི་སྒྲོམ་གཞི་གཙོ་བོ་དང་གཞི་གྲངས་མཛོད་བཅས་ཁག་གཉིས་དབྱེ་ནས་བཙུགས་པ་ཡིན། དྲ་ཚིགས་འཛུགས་མཁན་གྱི་མི་སྣ་དག་ནི་མཚོ་སྔོན་༼གེ་སར་སྒྲུང་༽ལོ་རྒྱུས་སྙན་རྩོམ་རིང་མོའི་ཞིབ་འཇུག་ཁང་དང་། མགོ་ལོག་ཁུལ་རིག་གནས་ལུས་རྩལ་ཅུས། ཀྲུང་གོའི་བོད་ཀྱི་དྲ་བ། དེ་མིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོགས་ལས་ཁུངས་དུ་མའི་འབྲེལ་ཡོད་ཆེད་ལས་མི་སྣ་ཡིན་ལ། དེ་ལས་བརྒྱ་ཆའི་༨༠བོད་རིགས་ཡིན། དྲ་ཚིགས་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི༣༠ལྷག་བཏང་བ་ཡིན་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག