མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་ས་ཁུལ་མང་ཤོས་ཀྱིས་བརླན་སའི་སྤྱི་གླིང་དུ་སྙན་ཞུ་བྱེད་རྩིས་ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-09 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི814.36ཡོད་པ་དང་། དེས་རྒྱལ་ཡོངས་ཀྱི་བརླན་ས་སྤྱིའི་རྒྱ་ཁྱོན་གྱི15.19%ཟིན་ཡོད་པས་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། ཞིང་ཆེན་བརླན་ས་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ། ཤུགས་ཆེན་པོས་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་སྒྲིག་བཟོ་དང་སྙན་ཞུ་བྱ་བར་སྐུལ་འདེད་བཏང་།

མཚོ་སྔོན་བརླན་སའི་ཐོན་ཁུངས་རྒྱ་ཆེ་བ་དང་། མཚོ་སྔོན་པོ་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས་རྒྱལ་སྤྱིའི་གཙོ་གནད་བརླན་ས་ཁུལ་ཆེན་མོ་གསུམ་ཡོད་པ་མ་ཟད། ཨ་ཆེན་གངས་རྒྱབ་འདུས་པའི་བརླན་ས19ཡོད་པས་རྒྱ་ཁྱོན་གྱིས་རྒྱལ་ཡོངས་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི15%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་ནེའུ་གསེང་དང་མཚེའུ། ཆུ་བོ། མིས་བཟོས་བརླན་ས་བཅས་རིགས་ཆེན་མོ4ཡི་སྣ17ཁྱབ་ཡོད་པ་དང་། གདོད་མའི་སྐྱེ་ཁམས་ནུས་པ་ཆེ་བ་དང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ཡོད། 2005ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར75བཏང་ནས་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱས་ཏེ། བརླན་སའི་བྱེད་ནུས་དེ་སྲུང་སྐྱོང་བྱེད་ཡུལ་གཙོ་བོར་བཞག་ཡོད།

ད་ལོར་མཚོ་སྔོན་གྱིས་ཤུགས་ཆེན་པོས་རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་སྒྲིག་བཟོ་དང་སྙན་ཞུ་བྱ་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་བརླན་ས་སྲུང་སྐྱོང་དོ་དམ་ལྟེ་གནས་ཀྱིས་ཧུར་བརྩོན་གྱིས་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པ་ཟི་ལིང་དོན་གཅོད་ཁང་ལ་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་བརླན་སའི་སྤྱི་གླིང་འཛུགས་སྐྲུན་གསོ་སྦྱོང་སྒྲུབ་པ་དང་། པེ་ཅིན་ནགས་ལས་སློབ་ཆེན་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་སྒྲིག་བཟོ་འཆར་འགོད་ལས་ཁུངས་གདན་ཞུ་བྱས། མིག་སྔར། མཚོ་སྔོན་གྱི་ཆི་ལེན་རྐྱང་ཆུ་མགོ་ཁུངས་རྒྱལ་ཁབ་བརླན་ས་སྤྱི་གླིང་སྤྱིའི་འཆར་འགོད་དང་བརྙན་ཟློས་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་ཐོབ་པ་དང་། མིན་ཡོན་རྫོང་དང་མང་ཡ་སྲིད་ཨུ། གཏེར་ལེན་ཁ་གྲོང་ཁྱེར། ཝུའུ་ལན་རྫོང་བཅས་ས་ཁུལ4ཡིས་རྒྱལ་ཁབ་བརླན་སའི་སྤྱི་གླིང་ལ་སྙན་ཞུ་བྱེད་པའི་སྤྱིའི་འཆར་འགོད་སྒྲིག་བཟོ་དེ་ད་ལྟ་བཟོ་བཅོས་འཐུས་ཚང་དུ་གཏོང་བའི་དུས་རིམ་དུ་སླེབས་ཡོད། ལི་ཏུའུ་ས་ཁུལ་དང་ཕིན་ཨན་རྫོང་། ཞོན་ཧྭ་རྫོང་། རྨ་སྟོད་རྫོང་། ཐེན་ཆེན་རྫོང་། ཏུའུ་ལན་རྫོང་། དར་ལག་རྫོང་བཅས་ས་ཁུལ8ཀྱིས་ཚན་རིག་རྟོག་ཞིབ་བྱ་བ་ལེགས་འགྲུབ་བྱས་པ་མ་ཟད་འཆར་འགོད་སྒྲིག་བཟོའི་དུས་རིམ་དུ་སླེབས་ཡོད། ཡུས་ཧྲུའུ་གྲོང་ཁྱེར་དང་ཧོང་ཀྲུང་རྫོང་། ན་གོར་མོ་གྲོང་ཁྱེར་བཅས་ཀྱི་འཆར་འགོད་སྒྲིག་བཟོ་ལས་ཁུངས་དག་གིས་ཟླ་འདིར་ཚན་རིག་རྟོག་ཞིབ་དང་འཆར་འགོད་སྒྲིག་བཟོ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག