མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར2880བཏང་ནས་གཙོ་གནད་ལས་གཞི140བཀོད་སྒྲིག་བྱེད་རྩིས་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-06 10:05

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། 2014ལོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར2880བཏང་ནས་གཙོ་གནད་ལས་གཞི140བཀོད་སྒྲིག་བྱེད་རྩིས་ཡོད་པ་དང་། ད་ལོར་འཆར་འགོད་མ་དངུལ་སྒོར་དུང་ཕྱུར1400ལེགས་འགྲུབ་བྱས་ཏེ། གཙོ་བོ་ཆུ་བེད་དང་འགྲིམ་འགྲུལ། ནུས་ཁུངས། གྲོང་རྡལ་ཅན། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་བཅས་ཕྱོགས7གྱི་ལས་གཞི་བཀོད་སྒྲིག་བྱེད་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞིའི་ཐོག་མའི་བཀོད་སྒྲིག་བྱས་པར་གཞིགས་ན། ད་ལོར་མཚོ་སྔོན་གྱི་རྨང་གཞི་སྒྲིག་ཆས་ལས་གཞིའི་ཁྲོད། རྒྱལ་ལམ་214ཡི་གུང་ཧི་ནས་ཡུས་ཧྲུའུ་བར་གྱི་གཞུང་ལམ་དང་མཛོ་རྒན་རྭ་བར་ནས་གཅིག་སྒྲིལ་བར་གྱི་གཞུང་ལམ་སོགས་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཤུགས་ཆེན་པོས་ཡུས་ཁ་ནས་དབྱི་ལིས་ཕིན་བར་གྱི་ས་ཁུལ་ལྕགས་ལམ་དང་། ཀན་སུམ་ནས་ཁིན་ཏི་ཁུ་བར་གྱི་ལྕགས་ལམ། ཁྲོན་ཁུག་ནས་ཏ་ཧི་ཅ་བར་གྱི་རིམ་པ་དང་པོའི་གཞུང་ལམ། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་རྒྱ་བསྐྱེད་བཟོ་འགོད་སོགས་ལས་གཞི་འཛུགས་སྐྲུན་མགོ་རྩོམ་པར་སྐུལ་འདེད་གཏོང་བ་དང་། ན་གོར་མོ་ནས་ཁུའུ་ཨར་ལིག་བར་གྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

དུས་མཚུངས་སུ་མཚོ་ཤར་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་མ་དངུལ་གཏོང་བ་ནི་གཙོ་གནད་ལས་གཞིའི་གྲས་ཤིག་ཡིན་ལ། ཞིང་ཆེན་རིམ་པའི་གཙོ་གནད་ལས་གཞི27དང་གྲོང་ཁྱེར་རིམ་པའི་གཙོ་གནད་ལས་གཞི121གཏན་འཁེལ་བྱས་ཡོད་པ་དང་། ལོ་འདིར་གཙོ་གནད་ལས་གཞིའི་ཐད་འཆར་འགོད་མ་དངུལ་སྒོར་དུང་ཕྱུར400ལེགས་འགྲུབ་བྱེད་རྒྱུ་རེད། ལས་གཞི་འདི་དག་བདེ་བླག་ངང་ལག་བསྟར་བྱས་པ་ཡིས་སྔར་ལས་ལྷག་པའི་སྒོ་ནས་མཚོ་ཤར་གྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་བྱེད་པར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཐུབ།

གཞན་ཡང2014ལོའི་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལས་གཞིའི་ཁྲོད། ཞིང་ཆེན་རིམ་པའི་ཆུ་བེད་གཙོ་གནད་ལས་གཞི12ཡོད་དེ། ཤར་རྒྱུད་ཞིང་སྡེའི་ཆུའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་གཞི་དང་། ཙོང་ཆུའི་བྱང་རྒྱུད་དུ་ཡུར་ཆུ་འདྲེན་པའི་སྐབས་དང་པོའི་བཟོ་འགོད་སོགས་འདུས་ཡོད།

2014ལོའི་གནམ་གྲུ་འབབ་ཚིགས་འཛུགས་སྐྲུན་བྱེད་པའི་ཁྲོད། ཟི་ལིང་གནམ་གྲུ་འབབ་ཚིགས་ཀྱི་སྐབས་གཉིས་པའི་བཟོ་འགོད་ལ་ཟླ4བར་མཁའ་འགྲུལ་ཐོག་ཁང་དང་པོ་ལེགས་བཅོས་དང་མཛེས་སྤྲས་བཟོ་འགོད་ལེགས་འགྲུབ་བྱེད་རྒྱུའི་འཆར་གཞི་བཟོས་ཡོད། གཏེར་ལེན་ཁ་དམངས་སྤྱོད་གནམ་གྲུ་འབབ་ཚིགས་བཟོ་འགོད་དེ་ལོ་སྟོད་ལ་ཤར་གཏོང་བྱེད་རྒྱུ་ཡིན་པ་དང་། ཧྭ་ཐུའུ་ཀུ་དམངས་སྤྱོད་གནམ་གྲུ་འབབ་ཚིགས་དང་མགོ་ལོག་དམངས་སྤྱོད་གནམ་གྲུ་འབབ་ཚིགས། ཆི་ལེན་དམངས་སྤྱོད་གནམ་གྲུ་འབབ་ཚིགས། ན་གོར་མོ་གནམ་གྲུ་འབབ་ཚིགས་རྒྱ་བསྐྱེད་སོགས་ཀྱི་བཟོ་འགོད་དག་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག