མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་མགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2014-04-01 11:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་དགོན་སྡེའི་སློབ་གསོ་དོ་དམ་ཁྲོད་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གསར་དུ་འདེམས་བསྐོ་བྱུང་བའི་རིམ་པ་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཁུར་མི་སྣའི་བསམ་བློའི་སྤུས་ཚད་དང་ལས་དོན་ཆུ་ཚད་མཐོར་འདེགས་སུ་གཏོང་ཆེད། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་མཉམ་དུ་སྒྲུབ་པའི་ཞིང་ཆེན་ཡོངས་ཀྱི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཁུར་མི་སྣ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་འཐུས་མིའི་གསོ་སྦྱོང་འཛིན་གྲྭ་མགོ་བརྩམས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རིན་ཆེན་རྣམ་རྒྱལ་དང་། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་འབྲེལ་ཡོད་འགན་འཁུར་མི་སྣ་བཅས་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཐེངས་འདིའི་གསོ་སྦྱོང་བྱེད་ཡུལ་ནི་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། རྒྱུན་ལས་ལས་འཛིན། ལས་འཛིན་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་དང་གྲོང་ཁྱེར་སོ་སོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་དྲུང་ཡིག་ཆེན་མོ་གཞོན་པ་བཅས་བསྡོམས་པས་མི40ཡོད། གསོ་སྦྱོང་ལ་ཞིང་ཆེན་ནང་ཁུལ་དུ་གཅིག་བསྡུས་ཀྱིས་གསོ་སྦྱོང་བྱེད་པ་དང་ཕྱིར་རྟོག་ཞིབ་དུ་འགྲོ་བ་གཉིས་ཟུང་དུ་སྦྲེལ་བའི་བྱེད་ཐབས་སྤྱད་ཡོད། གཅིག་བསྡུས་ཀྱིས་སློབ་ཁྲིད་དང་གྲོས་བསྡུར་བྱེད་པ་བརྒྱུད་གསོ་སྦྱོང་མི་སྣར་སྔར་ལས་ལྷག་པའི་སྒོ་ནས་ཆོས་ལུགས་བྱ་སྤྱོད་དག་བཅོས་དང་ཁྲིམས་བརྩི་སྡོམ་སྲུང་བརྗོད་དོན་ཡིན་པའི་བྱ་འགུལ་གྱི་དོན་སྙིང་དང་དམིགས་འབེན། བྱེད་ཐབས། གོ་རིམ་བཅས་གསལ་བོར་སྤེལ་ཏེ། ཆོས་ལུགས་པའི་བྱ་སྤྱོད་ལེགས་བཅོས་བྱ་འགུལ་བརྟན་བརླིང་ངང་སྤེལ་བ་དང་ཁྲིམས་བརྩི་སྡོམ་སྲུང་གི་ཆོས་ལུགས་པ་ཞིག་ཏུ་འགྱུར་བར་སྐུལ་ཁྲིད་བྱས། ཕྱིར་རྟོག་ཞིབ་བྱེད་པ་བརྒྱུད་ཆོགས་ལུགས་པར་ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་བ་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མེས་རྒྱལ་མཛེས་ཤིང་སྡུག་པ་ལ་ཤེས་རྟོགས་བྱེད་དུ་བཅུག་ནས། སྔར་ལས་ལྷག་པའི་སྒོ་ནས་ངོས་ལེན་བཞིའི་རང་རྟོགས་རང་བཞིན་ཇེ་མཐོར་གཏོང་རྒྱུ་རེད།

ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་འཛིན་གྲྭ་མགོ་རྩོམ་པའི་མཛད་སྒོའི་སྟེང་། བོད་བརྒྱུད་ནང་བསྟན་དང་ཆོས་ལུགས་འཐུས་མི་རྣམས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་པ་དང་། འགན་འཁྲི་འདུ་ཤེས་དང་ལས་འགན་འདུ་ཤེས་ཇེ་མཐོར་བཏང་སྟེ་མུ་མཐུད་དུ་སྒྲུབ་པ་ཉམས་ལེན་ཀྱིས་རྒྱལ་གཅེས་ཁྲིམས་བརྩི་དང་སྡོམ་སྲུང་དགེ་སྒྲུབ་ཀྱི་ཆོས་ལུགས་པ་ཞིག་བྱེད་དགོས་པའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག