མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འཐུས་མི་འགས་གཙང་གསུམ་འབྱུང་ཡུལ་དུ་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འཛུགས་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-26 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཉི་མ་སྒྲོལ་མ་དང་ནོར་སྡེ། ཝང་ཡུས་ཧུའུ། ལིས་ཞའོ་སུང་། པད་ཞིག་ཧྭ། ཧི་ཧྥུན། ཁྲིན་སུའུ་བཅས་ཀྱིས་རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་ཁུལ་དུ་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འཛུགས་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་དུ་ནོར་སྲིད་ཆུང་བ་དང་དམངས་འཚོ་ཆེ་བའི་རྩ་དོན་དང་སྔོན་བསྐྱོད་དང་སྔོན་དུ་ཚོད་ལྟ་བྱེད་པའི་རེ་བ་ལྟར་དུ། 2011ལོར་མཚོ་སྔོན་ཞིང་ཆེན་གྱིས་དར་ལག་རྫོང་དང་རྨ་ཆེན་རྫོང་། འབྲི་སྟོད་རྫོང་སོགས་ནས་གཙང་གསུམ་འབྱུང་ཡུལ་གྱི་རྩྭ་སའི་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཚོད་ལྟའི་བྱ་བ་སྤེལ་བས། རྩྭ་སའི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ། ཡིན་ན་ཡང་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ནོར་སྲིད་ཐད་དཀའ་ཁག་ཆེ་བ་དང་། ད་ལྟ་བཀོད་སྒྲིག་བྱས་ཡོད་པའི་རྩྭ་སའི་སྐྱེ་ཁམས་དོ་དམ་བྱེད་མཁན་དང་སྲུང་སྐྱོབ་མི་སྣའི་གྲངས་ཀ་ཉུང་བའི་རྐྱེན་གྱིས། སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་བྱ་བའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པ་དང་། སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་འཛུགས་པའི་བྱ་བ་བརྟན་བརླིང་ངང་སྤེལ་ཆེད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་དེ་རྩྭ་ས་དང་ནགས་ཚལ། བརླན་ས་བཅས་རིགས་གསུམ་ཐད་ནས་འཛུགས་རྒྱུ་ཡིན་པ་དང་། བསྡོམས་པས་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་ཁྲི་བདུན་དང་སྟོང་བརྒྱད་ཉིས་བརྒྱ་འཛུགས་དགོས་ལ། ལོ་རེར་དེའི་ཐད་མཁོ་བའི་མ་དངུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ནོར་སྲིད་ཁོ་ནར་བརྟེན་ན་མངོན་འགྱུར་བྱེད་མི་ཐུབ་པས། ངེས་པར་དུ་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་ལ་བརྟེན་དགོས་ཞེས་བཤད་ཡོད། འཐུས་མི་ཚོས་ཀྲུང་དབྱང་ནོར་སྲིད་ཀྱིས་གཙང་གསུམ་འབྱུང་ཡུལ་ཚོད་ལྟ་ཁུལ་གྱི་སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་ཆེད་སྤྱོད་མ་དངུལ་འཛུགས་པ་མ་ཟད་ལོ་རེར་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་ནས། སྐྱེ་ཁམས་དོ་དམ་དང་སྲུང་སྐྱོབ་ཀྱི་སྤྱི་ཕན་ལས་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྲུབ་འབྲས་ཇེ་བརྟན་དང་ཇེ་མཐོར་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག