མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་ཤར་གྱིས་འཆར་འགོད་མ་དངུལ་སྒོར་དུང་ཕྱུར12.4བཏང་ནས་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-25 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་ཤུགས་ཆེན་པོས་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་ཆུ་ཚད་མཐོར་འདེགས་དང་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆ་རྐྱེན་ལེགས་བཅོས་བྱས་ཏེ། གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་དང་མཚོ་ཤར་གྲོང་ཁྱེར་གྱི་བྱེད་ནུས་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་གྱི་ཐེག་ནུས་ཇེ་མཐོར་གཏོང་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་འཆར་འགོད་མ་དངུལ་སྒོར་དུང་ཕྱུར12.4བཏང་ནས་ཟི་ལིང་ལྷོ་བསྐོར་མྱུར་བགྲོད་གཞུང་ལམ་མཐུད་སྐྲུན་བྱས་ཏེ་གཞུང་ལམ་སྤྱི་ལེ61འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། དེའི་ནང་མཚོ་ཤར་གྲོང་ཁྱེར་མངའ་ཁོངས་སུ་ལམ་ཐག་སྤྱི་ལེ14.5ཡོད། ཡར་ག་ནས་ཐུན་རིན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ64འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། དེའི་ནང་མཚོ་ཤར་གྲོང་ཁྱེར་མངའ་འཁོངས་སུ་ལམ་ཐག་སྤྱི་ལེ36.5ཡོད། མྱུར་བགྲོད་གཞུང་ལམ་འདི་གཉིས་ནི་མཚོ་ཤར་གྲོང་ཁྱེར་མངའ་ཁོངས་སུ་མཐུད་སྐྲུན་བྱེད་པའི་འགྲིམ་འགྲུལ་ལས་གཞི་གཙོ་བོ་ཡིན་ཞིང་མིག་སྔར་ཕྱོགས་ཡོངས་ནས་ཡང་བསྐྱར་ལས་མགོ་བརྩམས་ཡོད།

དུས་མཚུངས་སུ་ད་ལོར་མཚོ་ཤར་གྲོང་ཁྱེར་གྱིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་གནད་ལས་གཞི6གསར་འཛུགས་བྱེད་རྒྱུ་ཡིན་ཞིང་། སྤྱིའི་ལམ་ཐག་སྤྱི་ལེ427ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར227.5ལ་སླེབས་ཡོད། གཙོ་གནད་ལས་གཞི་དེ་དག་ནི། མིན་ཧི(ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས)ནས་ཕིན་ཨན(ཞའོ་ཞ)བར་གྱི་རིམ་པ་དང་པོའི་གཞུང་ལམ་ལ་ལམ་ཐག་སྤྱི་ལེ118ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར47.88ཡིན་ལ་ད་ལྟ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། ཁྲོན་ཁུག་ནས་ཏ་ཧི་ཅ(ཞིང་ཆེན་གྱི་ས་མཚམས)བར་གྱི་རིམ་པ་དང་པོའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ69དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར49.8ཡིན་ལ། མིག་སྔར་ལས་མགོ་བརྩམས་ཡོད། ཀྲ་ལུང་ཀུ་ནས་ཀྲན་པའོ་གྲོང་རྡལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ63དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར15.4ཡིན་ལ། ཟླ3པའི་ཟླ་སྨད་དུ་ལས་མགོ་རྩོམ་རྒྱུ་རེད། ཟི་ལིང་ལྷོ་བསྐོར་ལམ(ཕིན་ཨན་ནས་ཧུའུ་ཀྲུའུ། ཏ་ཐུང་བར་མཚམས)གྱི་རིམ་པ་གཉིས་པའི་གཞུང་ལམ་གྱི་འཛུགས་སྐྲུན་ལམ་ཐག་སྤྱི་ལེ84དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར18.5ཡིན་ལ། འཆར་གཞི་ལྟར་ན་ཟླ4བར་ལས་མགོ་རྩོམ་རྒྱུ་རེད། ཞོན་ཧྭ་ནས་རོང་བོ་འགག་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལམ་ཐག་སྤྱི་ལེ40ཡིན་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར45.9དང་། འཆར་གཞི་ལྟར་ན་ཟླ6པར་ལས་མགོ་རྩོམ་རྒྱུ་རེད། ཏ་ལི་ཅ་ནས་ཞོན་ཧྭ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལམ་ཐག་སྤྱི་ལེ53དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར50ལ་སླེབས་ཡོད་པ་དང་། འཆར་གཞི་ལྟར་ན་ཟླ6པར་ལས་མགོ་རྩོམ་རྒྱུ་རེད།

ད་ལོར་མཚོ་ཤར་གྲོང་ཁྱེར་གྱི་་གཞུང་ལམ་འཛུགས་སྐྲུན་དེ་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་བཏང་བ་དེས་མཚོ་ཤར་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག