མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ཡོ་བྱད་ཐད་ཀྱི་སྒྲིག་བཅོས་ལྔའི་ཆེད་དོན་འགུལ་སྐྱོད་སྤེལ་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-25 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ3པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་ཡོ་བྱད་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། སྨན་བཅོས་ཡོ་བྱད་ཀྱི་ཐོ་འགོད་དང་ཐོན་སྐྱེད། འགྲོ་རྒྱུག བཀོལ་སྤྱོད་བཅས་དུས་རིམ་ལྔའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ལ་སྒྲིག་བཅོས་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་བཅོས་ཡོ་བྱད་ཐད་ཀྱི་སྒྲིག་བཅོས་ལྔའི་ཆེད་དོན་འགུལ་སྐྱོད་བྱ་བ་སྤེལ་ནས། སྨན་བཅོས་ཡོ་བྱད་ཚོང་རའི་སྒྲིག་ལམ་སྔར་ལས་ཚད་ལྡན་དུ་བཏང་བ་མ་ཟད། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས།

ཆེད་དོན་སྒྲིག་བཅོས་བྱ་བ་བཟང་བོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་བཅོས་ཡོ་བྱད་ཐད་ཀྱི་སྒྲིག་བཅོས་ལྔའི་ཆེད་དོན་འགུལ་སྐྱོད་ཇུས་གཞི་ཞིབ་མོ་བཟོས་ནས། སྒྲིག་བཅོས་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་སྤྱིའི་དམིགས་འབེན་གཏན་ཁེལ་བྱས་ལ། སྡེ་ཁག་སོ་སོའི་འགན་ནུས་དངོས་འབེབས་བྱས་པ་མ་ཟད། སྨན་བཅོས་ཡོ་བྱད་ཐོ་འགོད་རྫུན་མ་བྱེད་པ་དང་ལུགས་དང་མི་མཐུན་པར་ཐོན་སྐྱེད་བྱེད་པ། ཁྲིམས་འགལ་ཚོང་གཉེར་བྱེད་པ། དཔང་ཡིག་མེད་པར་བཀོལ་སྤྱོད་བྱེད་པ། འུད་སྒྲོག་བྱེད་པ་བཅས་གཙོར་བཟུང་ནས་སྒྲིག་བཅོས་བྱེད་པའི་ལྟ་སྐུལ་ཞིབ་བཤེར་གྱི་ནང་དོན་དང་ལག་བསྟར་རིམ་པ་གཏན་འབེབས་བྱས། ཆེད་དོན་འགུལ་སྐྱོད་ཀྱིས་ཁོངས་གཏོགས་ས་ཆའི་ལྟ་སྐུལ་དོ་དམ་འགན་ནུས་དང་སྤྱི་བདེ། འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས། བཟོ་ཚོང་སོགས་སྡེ་ཁག་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་མཐོང་ཚེ་དུས་ལྟར་ཐག་གཅོད་པ་དང་། ཆད་པ་གཅོད་དགོས་སར་ཆད་པ་གཅོད་པ། ཐེར་འདོན་བྱེད་དགོས་པར་ཐེར་འདོན་བྱེད་པ། ཚོང་གཉེར་བྱེད་ཆོག་པའི་འཛིན་ཡིག་མེད་པར་བཟོ་བ། སྤྱི་བདེ་དང་བཟོ་ཚོང་ལས་ཁུངས་སུ་བརྒྱུད་སྤྲོད་བྱེད་པ་བཅས་བྱེད་རྒྱུ་ཡིན་པ་མ་ཟད། བྱ་བར་དོན་འཁྱོལ་མི་བྱེད་པ་དང་། ཞིབ་བཤེར་ལ་རོགས་འདེགས་མི་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་གྱོད་གཞི་ཞིབ་གཅོད་བྱེད་སྐབས་ཤུགས་མི་འདོན་པ། འགན་འཛོལ་བྱུང་བའི་གནས་ཚུལ་བཅས་ཐད་ནས་ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཆེད་དོན་འགུལ་སྐྱོད་དེ་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་མགོ་བརྩམས་པ་དང་། ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་མཇུག་བསྒྲིལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག