མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་མི་རིགས་སློབ་ཆེན་དུ་འབུམ་རམས་པ་བསྡུ་བར་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-13 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་ཀྱིན་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པས་མཚོ་སྔོན་མི་རིགས་སློབ་ཆེན་ནས་བོད་རིག་པ་དང་མི་རིགས་རིག་པ། བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་ཆེད་ལས་འབུམ་རམས་པ་བསྡུ་བར་གོང་རིམ་གྱིས་ཆོག་མཆན་འགོད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བསྟན་དོན། བོད་ཁུལ་ནས་མི་རིགས་མཐོ་རིམ་སློབ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཤེས་ལྡན་མི་སྣ་འཇོན་པོ་རིམ་པར་བསྐྱེད་བསྲིང་བྱ་རྒྱུ་དེར་གཞན་གྱིས་ཚབ་བྱེད་ཐབས་མེད་པའི་དོན་སྙིང་གལ་ཆེན་ལྡན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བཟོས་པའི«མཚོ་སྔོན་སོགས་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱེད་པའི་བསམ་འཆར»ཁྲོད། “མཚོ་སྔོན་སོགས་བོད་ཁུལ་གྱི་ཞིང་ཆེན་བཞི་ནས་མི་རིགས་མཐོ་རིམ་སློབ་ཆེན་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དེ་ཆེད་ལས་རིག་ཚན་དང་བསླབ་གནས་འཛུགས་རྒྱུར་བསྒྱུར་དགོས”པའི་བླང་བྱ་གསལ་བོ་བཏོན་ཡོད།

གྲོས་གཞིའི་ཁྲོད་དུ་མཚོ་སྔོན་མི་རིགས་སློབ་ཆེན་དུ་མིག་སྔར་རིམ་པ་དང་པོའི་རིག་ཚན་ཚད་གཞིར་ལོངས་པའི་རབ་འབྱམས་པའི་བསླབ་གནས་བཅུ་དང་། རབ་འབྱམས་པའི་བསླབ་གནས་དོན་བརྒྱད། དངོས་གཞི་ཆེད་ལས་ང་བཞི། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་“མདོ་དབུས་མཐོ་སྒང་གི་མི་རིགས་གནད་དོན་ཞིབ་འཇུག་རྟེན་གཞི”འདུས་པའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྟེན་གཞི་དགུ མི་རིགས་རིག་པ་དང་བོད་རིག་པ་འདུས་པའི་ཞིང་ཆེན་རིམ་པའི་རིག་ཚན་གཙོ་བོ་བརྒྱད། ཞིང་ཆེན་རིམ་པའི་ཚོད་ལྟ་ཁང་གཙོ་བོ་དྲུག་བཅས་ཡོད་པས། འབུམ་རམས་ཞིབ་འཇུག་སློབ་མ་བསྡུ་བའི་ཞིང་ས་གཤིན་པོ་ཞིག་ཡོད།བོད་རིག་པ་དང་མི་རིགས་རིག་པ། བོད་ཀྱི་གསོ་བ་རིག་པ་བཅས་ནི་མཚོ་སྔོན་མཐོ་རིམ་སློབ་ཆེན་གྱི་སློབ་སྒྲུབ་ཆུ་ཚད་དང་རིག་གཞུང་གི་གོ་ཐོབ། སྤྱི་ཚོགས་ལ་བཞག་པའི་ལག་རྗེས་བཅས་མངོན་པར་མཚོན་ཐུབ་པའི་དོད་རྟགས་ལྟ་བུ་ཡིན་པར་མ་ཟད། རྒྱལ་ཡོངས་རིག་ཚན་རིག་འདྲའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གོ་གནས་ཟིན་ཡོད་པས། རིག་གཞུང་དཔྱད་གླེང་གི་སྡེ་ན་ཡིད་འཇོག་ཆེན་པོ་བྱེད་ཀྱིན་ཡོད། མིག་སྔར་སློབ་གྲྭ་འདིར་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་བརྒྱ་དང་ཞེ་གཉིས་ཡོད་ལ། དེའི་ཁྲོད་བློ་བཟང་ཆོས་གྲགས་དང་བསོད་ནམས་རྩེ་མོ་སོགས་སློབ་དཔོན་ཆེན་མོ་བཞི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་དང་ནན་ཁེ་སློབ་ཆེན་གྱི་འབུམ་རམས་པའི་གདན་ཞུས་མཛུབ་སྟོན་སློབ་དཔོན་ཆེན་མོ་ཡིན་པས། འབུམ་རམས་སློབ་མ་བསྡུ་བར་དགེ་རྒན་གྱི་ཐོན་ཁུངས་འཛོམས་པོ་ཡོད་ཅེས་བཀོད་ཡོད།

གྲོས་གཞིའི་ཁྲོད་དུ། ལོ་མང་བོའི་རིང་ལ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པ་དང་བོད་ཀྱི་གསོ་བ་རིག་པ་སོགས་རིག་ཚན་གཙོ་བོ་རྣམས་ཀྱིས“བོད་མི་རིགས་འདི་ཉིད་ཀྲུང་ཧྭ་མི་རིགས་ཁྱིམ་གཞི་ཆེན་མོའི་ལོ་རྒྱུས་རྒྱབ་ལྗོངས་དང་འཕེལ་འགྲོས་ཁྲོད་མཉམ་བསྲེས་བྱེད”དགོས་པ་དང་།“བོད་སྨན་འདེབས་འཛུགས་དང་སྡེབ་སྦྱོར་གྱི་ལག་རྩལ་དང་བོད་སྨན་གྱི་ཐོན་ཁུངས་གསར་སྤེལ”སོགས་ཀྱི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས། སྔ་ཕྱིར«བོད་ཀྱི་སྐྱེ་ཁམས་རིག་གནས»སོགས་བོད་རིག་པའི་ཆེད་རྩོམ་བརྒྱ་དང་ཉི་ཤུ་ལྷག་པར་བསྐྲུན་འགྲེམ་སྤེལ་བྱས། ད་དུང“དར་གོས་ཚོང་ལམ་གསར་བའི་དཔལ་འབྱོར་ཁུལ”གྱི་ཐབས་ཇུས་ལ་གཞུང་ལུགས་གཏིང་ཟབ་སྤྱད་ནས་ཞིབ་འཇུག་བྱེད་ཀྱིན་ཡོད་པར་མ་ཟད། ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁག་ལ་རིག་གཞུང་རིག་གནས་བརྗེ་རེས་བྱེད་ཚད་སྔར་ལས་ཇེ་ཆེར་བཏང་ཡོད། རིག་གཞུང་དང་རིག་གནས་ཀྱི་མཐོང་སྣེ་ནས། མཚོ་སྔོན་ཞིང་ཆེན་ནས་དར་གོས་ཚོང་ལམ་གསར་བ་འཛུགས་པར་གཞུང་ལུགས་འདོན་སྤྲོད་བྱེད་པར་འབད་ཀྱིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག