མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་འཐུས་མིས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་ལག་བསྟར་ནན་མོ་བྱས་ཏེ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་རྒྱུའི་ཚུལ་བསྟན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-13 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་དང་འབྲེལ་བའི་གསུངས་བཤད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ལ་ཤན་ཤུགས་ཆེན་པོ་ཐེབས། ཚང་མས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བར་ཁ་གཏད་རང་བཞིན་དང་དོན་དངོས་རང་བཞིན་ཆེན་པོ་ལྡན་པས། ང་ཚོས་རང་རྟོགས་ཀྱིས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་ལག་བསྟར་ནན་མོ་བྱེད་པ་དང་། ཏང་གཤིས་སྲིད་སྲོལ་དང་སྤྱོད་ཚུལ་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས་ཟེར།

འཐུས་མི་ལོ་ཧོས་ཉིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཨན་ཧོས་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་བཏོན་པའི་གཟབ་ནན་གསུམ་དང་དངོས་གཉེར་གསུམ་ནི། མགོ་ཁྲིད་ལས་བྱེད་པའི་གཤིས་སྤྱོད་དང་ཁྲིམས་འཛིན་གྱི་གཞི་རྩ་ཡིན་ལ། སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རེ་བ་གསལ་བོ་ཡང་ཡིན་པས། ང་ཚོས་དེར་རྒྱུས་ལོན་གསལ་བོ་བྱེད་པ་དང་། དེ་གཞི་རྩར་བརྩིས་ནས། ལག་བསྟར་ནན་མོ་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་ལྷོད་གཡེང་དང་རྫུན་བཟོ་མི་བྱེད་པར་གཟབ་ནན་དང་དངོས་གཉེར་བྱས་ན། ད་གཟོད་མི་དམངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་ཐུབ་ཟེར།

འཐུས་མི་ཧའོ་ཕིན་གྱིས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱིས་གནད་འགག་གསལ་སྟོན་དང་ངོ་བོ་དམ་འཛིན་བྱས་ཡོད་པས། དེ་ནི་གཞི་བཅོས་བྱེད་པའི་རེ་བ་དང་། རང་རེའི་ཏང་གི་ཕུལ་བྱུང་སྤྱོད་ཚུལ་དང་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བྱེད་པ་ཡིན་ལ། དེས་སྤྱོད་ཚུལ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པར་ཁ་ཕྱོགས་གསལ་བོ་བསྟན་ཡོད་པ་དང་། དོན་དངོས་ཀྱི་ཁ་གཏད་རང་བཞིན་དང་ཡུན་རིང་གི་ལོ་རྒྱུས་དོན་སྙིང་ཆེན་པོ་ལྡན་པས། ང་ཚོས་དེར་རྒྱུས་ལོན་གསལ་བོ་དང་ནམ་ཡང་བརྩི་སྲུང་། སྣེ་ཁྲིད་དེ་ལག་བསྟར་བྱེད་པ་དང་། གཟབ་ནན་གསུམ་དང་དངོས་གཉེར་གསུམ་དེ་དཔོན་པོའི་རྩ་དོན་དང་ཀུན་སྤྱོད་ཀྱི་ཚད་གཞི་རུ་བྱས་ཏེ། རྒྱུན་མཐུད་ནས་ཕུལ་བྱུང་གི་སྤྱོད་ཚུལ་སྐྱེད་སྲིང་བྱས་ནས། ཏང་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ཟེར།

མུའུ་ཏུང་ཧྲིན་གྱིས་བཤད་རྒྱུར། དམངས་འཐུས་ཚོགས་ཆེན་ནི་ཏང་དང་མི་དམངས་བར་གྱི་ཟམ་པ་ཡིན་པས། དེའི་སྒྲིག་ཁྲིམས་ཀྱི་དམ་ལྷོད་དང་སྤྱོད་ཚུལ་གྱི་བདེན་རྫུན། མི་དམངས་ཀྱི་འདོད་བློ་ཡང་དག་པར་མཚོན་ཐུབ་མིན། ཁྲིམས་ལྟར་འགན་ནུས་སྒྲུབ་ཐུབ་མིན་བཅས་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། ང་ཚོས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བ་སེམས་ལ་ངེས་པར་བྱེད་པ་དང་འགུལ་སྐྱོད་དུ་བསྒྱུར་ནས། ཕུགས་འདུན་དང་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པར་རྒྱུན་འཁྱོངས་བྱས་ཏེ། རང་གཅུན་ནན་མོ་དང་དམངས་དོན་དངོས་གཉེར་བྱེད་པའི་མིག་དཔེ་སྟོན་དགོས་ཟེར།

འཐུས་མི་ཝང་ཞའོ་དང་ཝང་ཡུས་པོ། ཉི་མ་སྒྲོལ་མ། ཝང་ཡུས་ཧུའུ་སོགས་ཀྱིས་ཀྱང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ཆ་ནས། སྣེ་ཁྲིད་དེ་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཕུགས་བསམ་དང་འདུ་ཤེས་ཇེ་བརྟན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པ་དང་ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ལ་དམ་དུ་དམིགས་ནས། ཧུར་ཐག་གིས་མཚོ་སྔོན་གྱི་དཔལ་འབྱོར་རིམ་སྤོར་ཅན་དང་རབ་མཛེས་མཚོ་སྔོན་རིམ་སྤོར་ཅན། དམངས་འཚོ་ལེགས་བསྒྱུར་རིམ་སྤོར་ཅན་བཅས་གསར་སྐྲུན་བྱེད་དགོས་ཞེས་བཤད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག