མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

འཐུས་མི་སྙིང་མོ་བྱམས་ཀྱིས་བོད་སྨན་ལས་གཉེར་སྨན་གཉེར་དཀའ་བཅུ་བའི་ཐོབ་ཐོབ་ཡིག་རྒྱུགས་དེ་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གྲས་སུ་འཇོག་རྒྱུའི་གྲོས་གཞི་བཏོན་པ།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-10 11:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་སྙིང་མོ་བྱམས་ཀྱིས་བོད་སྨན་ལས་གཉེར་སྨན་གཉེར་དཀའ་བཅུ་བའི་ཐོབ་ཐང་ཡིག་རྒྱུགས་དེ་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་གྲས་སུ་འཇོག་རྒྱུའི་གྲོས་གཞི་བཏོན།

སྙིང་མོ་བྱམས་ཀྱིས་བཤད་རྒྱུར། མིག་སྔར། མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཁོངས་གཏོགས་ན་རྫོང་རིམ་པ་ཡན་གྱི་བོད་སྨན་གསོ་བཅོས་རྟེན་གཞི་དྲུག་ཅུ་ལྷག་དང་། བོད་སྨན་ཐོན་སྐྱེད་དང་ཉོ་ཚོང་བྱེད་པའི་ཁེ་ལས་བརྒྱ་ལྷག་ཡོད། འབྲེལ་ཡོད་གཏན་ཁེལ་ལྟར་ན། བོད་སྨན་གསོ་བཅོས་རྟེན་གཞི་དང་བོད་སྨན་ཁེ་ལས་བྱ་བའི་ཁྲོད་ཀྱི་ཆེད་ལས་ལག་རྩལ་མི་སྣ་རྣམས་ནི། རྒྱལ་ཁབ་ཀྱིས་ཁས་ལེན་ཐོབ་པའི་སྨན་གཉེར་དཀའ་བཅུ་བའི་ཐོབ་ཐང་ཡོད་མཁན་རྐྱང་རྐྱང་ཡིན་ནའང་། ས་ཁོངས་ཀྱི་ཚད་བཀག་དང་ལོ་རྒྱུས་སོགས་རྒྱ་རྐྱེན་དུ་མའི་དབང་གིས། བོད་སྨན་གྱི་སྨན་གཉེར་དཀའ་བཅུ་བའི་ཡིག་རྒྱུགས་དེ་རྒྱལ་ཁབ་གཅིག་གྱུར་གྱི་ཡིག་རྒྱུགས་ཁྲོད་ཚུད་ཐུབ་མེད། ད་སྔའི་བར་དུ་གཅིག་གྱུར་གྱི་བོད་སྨན་ལས་གཉེར་དཀའ་བཅུ་བའི་ཡིག་རྒྱུགས་སྒྲོམ་གཞི་ཞིག་མེད་པ་དང་འབྲེལ་ཡོད་ལས་ཁུངས་ཁག་གི་རྩ་འཛུགས་འཐུས་ཚང་ཞིག་མེད་པས། བོད་སྨན་ལས་གཉེར་སྟེང་གི་ཆེད་ལས་མི་སྣ་དག་གིས་ཕྱི་ལུགས་ཀྱི་སྨན་དང་རྒྱ་སྨན་ལས་གཉེར་གྱི་སྨན་པ་དཀའ་བཅུ་བའི་ཡིག་རྒྱུགས་ཁྲོད་ཞུགས་པ་ལས་གདམ་གསེས་གཞན་མེད་པར་གྱུར་ཡོད། གནད་དོན་འདིའི་དབང་གིས་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་བོད་སྨན་ཆེད་ལས་ཀྱི་མཐར་ཕྱིན་སློབ་མ་བརྒྱད་བརྒྱ་ལྷག་ལ་བོད་སྨན་ལས་གཉེར་གྱི་སྨན་གཉེར་དཀའ་བཅུ་བའི་ཐོབ་ཐང་འཛིན་ཡིག་ལེན་ཐུབ་ཀྱིན་མེད་པས། དེས་བོད་སྨན་ལས་རིགས་ཀྱི་འཕེལ་རྒྱས་དང་བོད་སྨན་ཁེ་ལས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་ཟེར།

འཐུས་མི་སྙིང་མོ་བྱམས་ཀྱིས་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཀྱིས་གང་མགྱོགས་ཅི་མྱུར་སྒོས་བོད་སྨན་ལས་གཉེར་སྨན་གཉེར་དཀའ་བཅུ་བའི་ཡིག་རྒྱུགས་དེ་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་གཉེར་དཀའ་བཅུ་བའི་ཡིག་རྒྱུགས་ཁྲོད་འཇོག་དགོས་པར་མ་ཟད། ད་དུང་བོད་སྨན་སྐོར་ལ་གཅིག་གྱུར་གྱི་ཡིག་རྒྱུགས་སྒྲོམ་གཞི་ཞིག་དང་ཚད་ལྡན་ཅན་གྱི་ལམ་ལུགས་ཤིག་བཟོས་ནས། རྒྱལ་ཁབ་དང་ཞིང་ཆེན་གྱི་ས་གནས་སོ་སོ་ནས་ཆེད་གཉེར་ཡིག་རྒྱུགས་ལམ་ལུགས་ལ་ཞིབ་དཔྱད་བྱེད་པའི་ལས་ཁུངས་བཙུགས་ཏེ། བོད་སྨན་སྨན་གཉེར་དཀའ་བཅུ་བའི་ཐོབ་ཐབ་འཛིན་ཡིག་མྱུར་མོར་ཁས་ལེན་ཐོབ་པར་བྱ་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག