མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་བོད་ཁུལ་ཆོས་ལུགས་ལས་རིགས་ཁག་གི་མི་སྣས་ཁུང་མིན་གྱི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-07 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁུང་མིན་མེ་འཁོར་ས་ཚིགས་ཀྱི་ཚབས་ཆེ་བའི་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་བྱུང་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཡུས་ཧྲུའུ་དང་མཚོ་ལྷོ། རྨ་ལྷོ་སོགས་ས་ཁུལ་གྱི་ཆོགས་ལུགས་ལས་རིགས་ཁག་གི་མི་སྣས་ཡ་ང་ཞིང་སྙིང་རྗེ་མེད་པའི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། དྲག་ཤུགས་འཇིགས་སྐུལ་པའི་ཉེས་སྤྱོད་དེས་ཁོ་ཚོས་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་བཏང་བའི་ཡ་ང་བའི་རང་གཤིས་མཚོན་ཡོད་ཟེར། ཚང་མས་བསྟན་དོན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཐུན་མོང་གི་འགན་འཁྲི་ཡིན་པ་དང་། དྲག་ཤུགས་འཇིགས་སྐུལ་པའི་ཡ་ང་བའི་བྱ་སྤྱོད་དེས་རིགས་སོ་སོའི་མི་དམངས་ཀྱི་རྒྱལ་ཁབ་བརྟན་བརླིང་ལ་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་སྤོབས་པར་གཡོ་འགུལ་ཐེབས་མི་སྲིད་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་མི་སྣ་ཤར་ཚང་བསྟན་འཛིན་འཇིགས་མེད་དང་། འཇིགས་མེད་འཕྲིན་ལས་རྒྱ་མཚོ། བློ་གྲོས་འཇིགས་མེད། ཀུན་འདུལ་སྐལ་བཟང་སོགས་ཀྱིས་བསྟན་དོན། དྲག་ཤུགས་འཇིགས་སྐུལ་པས་མི་ཆོས་དང་བྲལ་ནས་གདུག་རྩུབ་ཀྱིས་ཉེས་མེད་མང་ཚོགས་དམར་གསོད་བཏང་བ་དེས་དེ་དག་གིས་མིའི་རིགས་ལ་རྒོལ་བ་དང་སྤྱི་ཚོགས་ལ་རྒོལ་བའི་རང་གཤིས་མཚོན་ཡོད། ང་ཚོས་དར་ཆ་མཐོན་པོར་བསྒྲེངས་ནས་དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་ལ་ངོ་རྒོལ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་རྒྱས་དང་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་ལ་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ལྷན་ཚོགས་ཀྱི་རྒྱུན་ཨུའམ་ཁུལ་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མྰ་ཁི་ཧྲིན་དང་དབྱི་སི་ལན་ཆོས་ཁང་གི་ཆོས་དཔོན། དབྱི་སི་ལན་ཆོས་ཁང་དམངས་དོན་ལྷན་ཚོགས་ཀྱི་ཀྲུའུ་རིན་སོགས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། དྲག་ཤུགས་འཇིགས་སྐུལ་པའི་དོན་རྐྱེན་དེ་དུས་ཚོད་དང་ས་གནས་གང་དུ་བྱུང་བ་དང་། སུས་ལག་བསྟར་བྱེད་པའམ་དམིགས་ཡུལ་ཅི་ཡིན་རུང་ཚང་མ་ནག་ཉེས་བཟོས་པ་ཡིན། མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་སྒྲིག་ལམ་ལ་སྐྱོན་འཛུགས་དང་རྩིས་མེད་དུ་གཏོང་བ་དང་། བརྟན་འཇགས་མཐུན་སྒྲིལ་གྱི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བརླག་གཏོང་འདོད་པའི་བྱ་སྤྱོད་དག་ནི་ནམ་ཡིན་ཡང་ཕམ་ངེས་ཡིན་ཟེར།

ཡུས་ཧྲུའུ་ཁུལ་ཆོས་ལུགས་ལས་རིགས་མི་སྣ་འབྲུག་རྡོ་ཏི་དང་མྰ་ཧེ་རུའུ་སོགས་ཀྱིས་བསྟན་དོན། “3.01”དྲག་ཤུགས་འཇིགས་སྐུལ་དོན་རྐྱེན་བྱུང་རྗེས། རྒྱལ་ཁབ་ཀྱིས་གང་མགྱོགས་ཀྱིས་ཐག་གཅོད་བྱས་པ་དང་རྨས་མ་སྨན་ཁང་དུ་བསྐྱལ་ཤིང་། དེས་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་མཚོན་ཡོད། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ་སོ་སོ་དང་རིགས་སོ་སོའི་ལས་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་མིག་སྔའི་བརྟན་བརླིང་མཐུན་སྒྲིལ་གྱི་རྣམ་པར་བཟང་པོར་སྲུང་སྐྱོང་བྱས་ཡོད་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལས་རིགས་མི་སྣ་སོ་སོས་བསྟན་དོན། ཏང་དང་སྲིད་གཞུང་གི་མགོ་ཁྲིད་འོག ང་ཚོས་རང་ཉིད་ཀྱི་མིག་ལ་གཅེས་སྲུང་བྱེད་པ་བཞིན་བརྟན་བརླིང་མཐུན་སྒྲིལ་གྱི་རྣམ་པར་བཟང་པོར་གཅེས་སྤྲས་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་དྲག་ཤུགས་འཇིགས་སྐུལ་པའི་ནག་ཉེས་ལ་རྒོལ་གཏམ་བཏང་སྟེ། ཆོས་དད་མང་ཚོགས་ཀྱིས་ཆབ་སྲིད་ལངས་ཕྱོགས་བརྟན་པོར་གཏོང་བ་དང་། ཏང་གི་མགོ་ཁྲིད་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནས་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག