མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་གྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 10:37

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ3པའི་ཚེས5ཉིན་གྱི་ཕྱི་དྲོར། མཚོ་སྔོན་འཐུས་ཚབ་ཚོགས་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་མི་དམངས་ཉིན་རེ་ཚགས་པར་གྱི་གསར་འགོད་པའི་དྲིས་བར་ལན་བཏབ།

    གསར་འགོད་པས་ང་ཚོས་བལྟས་ན། མཚོ་སྔོན་ནུབ་རྒྱུད་སྐམ་སའི་དབུལ་ཁུལ་དུ་ཆགས་ཡོད་ན་ཡང་། བཅོས་བསྒྱུར་ཐད་ནས་རྗེས་སུ་ལུས་མེད་པ་དང་། ཁྱབ་ཁོངས་ཁ་ཤས་ནས་ད་དུང་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད་ལ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་ནས། ཡང་བསྐྱར་བྱེད་ཐབས་གསར་བ་རབ་དང་རིམ་པ་སྤྱད་ཡོད། ཧྲུའུ་ཅི་ཁྱེད་ཀྱིས་ང་ཚོར་འདིའི་ཕྱོགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱེད་རོགས་ཞེས་བཤད།

    ལོ་ཧོས་ཉིན་གྱིས་དེར་ལན་འདེབས་རྒྱུར། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འབོད་སྐུལ་བཏང་ནས། བཅོས་བསྒྱུར་གྱི་སྒོ་འཕར་གསར་བ་ཕྱེས། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་བསྟུད་མར་བཅོས་བསྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ནུས་ཤུགས་ཡོད་རྒུས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་དྲང་བདེན་དྲང་གཞག ཁྲིམས་ལུགས་འཛུགས་སྐྲུན་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བྱས་ཏེ། མི་དམངས་སྔར་ལས་བདེ་སྐྱིད་ལྡན་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་འདུ་ཤེས་སྔར་ལས་གོང་བུར་བསྒྲིལ། དཔེར་ན། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་བྱས་པའི་ལོ་བཞིའི་ནང་། ཞིང་ཆེན་ཡོངས་ཀྱི་མི་གྲངས་ལ་ཁེབས་པའི་སྨན་བཅོས་འགན་སྲུང་དྲ་རྒྱ་ཞིག་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་ཞབས་ཞུའི་སྟེགས་བུ་གསར་བ་གསར་རྐྱང་ཞིག་བཙུགས། ང་ཚོས་རྒྱལ་ཡོངས་ནས་ཐོག་མར་ནད་ལྕི་མོའི་སྨན་བཅོས་འགན་སྲུང་ལམ་ལུགས་དང་སྔོན་དུ་སྨན་ཁང་དུ་སྡོད་པ་དང་རྗེས་ནས་སྨན་རིན་རྩིས་རྒྱག་པའི་ལམ་ལུགས། རིམ་པ་བགོས་ནས་ནད་བཅོས་བྱེད་པའི་ལམ་ལུགས་བཅས་བཙུགས་ཏེ། ཧུར་ཐག་གིས་ཚོང་ལས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགན་སྲུང་ཞབས་ཞུའི་ཚོད་ལྟ་སྤེལ་བས། རིགས་སོ་སོའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་སྔར་ལས་མཐོར་འདེགས་བྱས། ཡང་བསྐྱར་དཔེ་ཞིག་བླངས་ན། 2010ལོའི་ལོ་མཇུག་ཏུ། ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་དངོས་སུ་མགོ་བརྩམས་ནས། ཞིང་ལས་ཁྱིམ་ཐོ་དང་ཞིང་ལས་མིན་པའི་ཁྱིམ་ཐོའི་བར་གྱི་ཁྱད་པར་མེད་པར་བཟོས་པ་དང་། ཕྱོགས་ཡོངས་ལ་ཁེབས་པ་དང་རིམ་པ་བགར་བ། ཁྱད་པར་ཡོད་པའི་ཁྱིམ་ཐོ་འགོད་པའི་སྲིད་ཇུས་གཏན་འབེབས་བྱས་ནས། གྲོང་ཁྱེར་ནས་ཁྱིམ་ཐོ་འགོད་པའི་ཐད་ཀྱི་ཆ་རྐྱེན་ཇེ་དམའ་རུ་བཏང་བ་དང་། ཁྱིམ་ཐོ་བསྒྱུར་བའི་རོང་འབྲོག་དམངས་ཀྱི་སྔར་ཡོད་ཁེ་དབང་ཐག་གཅོད་སྒྲིལ་སྲོལ་དང་གྲོང་ཁྱེར་དུ་ཁྱིམ་ཐོ་བཀོད་རྗེས་ཀྱི་ཁེ་དབང་འགན་སྲུང་སྒྲིག་སྲོལ་གཏན་ཁེལ་བྱེད་པ། སྡོད་ཡིག་ལམ་ལུགས་དང་ཐམ་ག་སྔོན་པོའི་ཁྱིམ་ཐོའི་ལམ་ལུགས་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་དམངས་ཀྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ལྷག་གི་རོང་འབྲོག་དམངས་ཀྱི་ཁྱིམ་ཐོ་བསྒྱུར་ནས་གྲོང་ཁྱེར་སྡོད་དམངས་སུ་བསྒྱུར་ཟེར།

    སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པའི་ཚུན་ནས། མཚོ་སྔོན་གྱིས་བཅོས་བསྒྱུར་གྱི་སྤྱིའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་དང་། ཁ་ཕྱོགས་ཡང་དག་དམ་འཛིན་དང་སྤྱི་ཁོག་གི་འཆར་འགོད་ལ་གཙིགས་འཛིན། སྤོབས་པ་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བཅས་བྱེད་པ་དང་། སྔར་ཡོད་ཀྱི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་དང་རྒྱ་བསྐྱེད་དུ་སྤེལ་བ་དང་། ད་ལྟ་བཀོད་སྒྲིག་བྱེད་བཞིན་པའི་བཅོས་བསྒྱུར་མྱུར་དུ་སྤེལ་བ། མི་འགྱང་བར་ལག་བསྟར་བྱེད་རྒྱུ་ཡིན་པའི་བཅོས་བསྒྱུར་ཐད་ནས་བསམ་ཕྱོགས་དང་ཇུས་གཞི་འདོན་པ་བཅས་བྱེད་པ་དང་། མང་ཚོགས་ཀྱི་རེ་སྒུག་ཆེན་པོ་བྱེད་བཞིན་པའི་ཁྱབ་ཁོངས་ནས་བཅོས་བསྒྱུར་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་སྡོམ་བྱེད་པའི་འབུར་ཐོན་གྱི་གནད་དོན་ཐད་ནས་བཅོས་བསྒྱུར་བྱས་ཏེ། སྲིད་འཛིན་དོ་དམ་སྒྲིག་སྲོལ་དང་རྒྱལ་དབང་ཁེ་ལས་སོགས་ཕྱོགས་བཅུའི་ཐད་ཀྱི་བཅོས་བསྒྱུར་ལས་འགན་བཀོད་སྒྲིག་བྱས་ནས། བཅོས་བསྒྱུར་གྱི་ཚ་རླབས་གསར་བ་ཞིག་བསླངས། ང་ཚོས2014ལོའི་ཞིང་ཆེན་ཡོངས་ཀྱི་བཅོས་བསྒྱུར་བྱ་བའི་གཙོ་གནད་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་བཞིན་པའི་སྒང་ཡིན་པ་མ་ཟད། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་དང་ནོར་སྲིད་དཔྱ་ཁྲལ་སྒྲིག་སྲོལ་སོགས་ཀྱི་ཆེད་སྤྱོད་བཅོས་བསྒྱུར་ཇུས་གཞི་སྐོར་ཞིག་ཀྱང་རིམ་པ་བཞིན་འདོན་རྒྱུ་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བས། ང་ཚོས་རྩོལ་ནུས་གཙོ་བོའི་ཁུལ་གྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། རང་བྱུང་ཐོན་ཁུངས་ཐོན་དབང་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་ལམ་ལུགས་ཇེ་དྲག་ཏུ་གཏོང་བ། ཐོན་ཁུངས་རིན་ཡོད་བཀོལ་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་བཅོས་བསྒྱུར་བྱེད་པ་སོགས་ཀྱི་བཅོས་བསྒྱུར་བྱེད་ཐབས་སྤྱད་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྲ་བརྟན་དུ་གཏོང་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

    མཇུག་མཐར་ཁོས་མཚོ་སྔོན་དུ་དབྱང་དབུགས་དཀོན་ན་ཡང་། མཚོ་སྔོན་གྱི་མི་དམངས་ལ་སྤོབས་པས་ཁེངས་ཡོད། ང་ཚོས་འགན་ཁུར་ཕོད་པ་དང་གསར་སྐྲུན་བྱེད་ཕོད་པའི་སྙིང་སྟོབས་དང་། དངོས་དོན་སྒྲུབ་པའི་བྱ་སྤྱོད་ཀྱིས། བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མདུན་གྲས་སུ་བསྐྱོད་པར་བརྩོན་ལེན་བྱེད་རྒྱུ་ཡིན་པར་མ་ཟད། དེར་བརྟེན་ནས་མཚོ་སྔོན་གྱི་ལས་དོན་སྣ་ཚོགས་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་ཞེས་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག