མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་འཐུས་ཚབ་ཚོགས་པས་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-03-07 10:37

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་ཚབ་ཚོགས་པས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་བསྡུས་པ་མ་ཟད་གསར་འགོད་པའི་དྲིས་བར་ལན་བཏབ། ཚོགས་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་ནན་མོ་བྱས། ལོ་ཧོས་ཉིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཧའོ་ཕིན་དང་ཝང་ཞའོ། ཉི་མ་སྒྲོལ་མ། ལིས་ཞའོ་སུང་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། བཟོ་ལས་དང་ཆ་འཕྲིན་པུའུ་ཡི་པུའུ་ཀྲང་མེའོ་ཝེ་གྲོས་ཚོགས་ལ་ཞུགས་ནས་འཐུས་མིའི་བསམ་འཆར་ལ་ཉན།

    ཚང་མས་མཐའ་གཅིག་ཏུ། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མངོན་པར་བྱས་ཡོད་པ་དང་། གཏན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་དང་བཅོས་བསྒྱུར་གསར་གཏོད་ཀྱི་སྤྱིའི་དམིགས་འབེན་འབུར་དུ་ཐོན་པར་བྱས་ཡོད་ལ། མི་གཙོ་བོར་བྱེད་པ་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་བྱེད་པའི་རེ་བ་མཚོན་པར་བྱས་ཡོད་པ་དང་། མང་ཚོགས་ཀྱི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྒུག་ལ་ལན་བཏབ་ཡོད་པས། དེ་ནི་བསམ་བློ་གཅིག་གྱུར་དང་སྤྱི་ཡོངས་ལ་གཅིག་གྱུར་བཀོད་འདོམས། བདེན་འཚོལ་དངོས་གཉེར། བཅོས་བསྒྱུར་གསར་གཏོད། མི་སེམས་གཅིག་སྒྲིལ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་རེད་སྙམ།

    འཐུས་མི་ཧའོ་ཕིན་གྱིས་བཤད་རྒྱུར། སྙན་ཞུ་ནི་སྐབས་གསར་བའི་ཀྲུང་དབྱང་སྲིད་གཞུང་གིས་མི་དམངས་ལ་སྤྲད་པའི་རྒྱུགས་འབྲས་ཡིན་ལ། ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བཅོས་བསྒྱུར་དང་འཕེལ་རྒྱས་ལ་འཆར་འགོད་དང་བཀོད་སྒྲིག་བྱེད་པའི་ལེ་ཚན་རེའུ་མིག་ཀྱང་རེད། དེ་ལས་རྒྱུགས་འབྲས་ཕྱོགས་ནས་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་མགྱོགས་པ་དང་གྲུབ་ཚུལ་ལེགས་སྒྲིག་ཐད་ནས་ཐོད་བརྒལ་བྱས་ཡོད་ལ། ཚོང་ར་དང་སྤྱི་བའི་ཞབས་ཞུ་རྒྱུན་མཐུད་ནས་ཇེ་དྲག་ཏུ་སོང་བ། ས་ཁོངས་འཕེལ་རྒྱས་སྔར་ལས་མཐུན་སྦྱོར་ཡིན་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད། དེ་ནི་ཀྲུང་དབྱང་གིས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་ཤུགས་འདོན་པ། ནུས་ཤུགས་ཡོད་རྒུས་དམངས་འཚོར་ཕན་པ་བསྐྲུན་པ། གོ་རིམ་ཡོད་པ་དང་ཤུགས་ཡོད་པའི་སྒོ་ནས་གཏན་འཇགས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་གྲུབ་འབྲས་རེད། ལེ་ཚན་རེའུ་མིག་ཐད་ནས། གཅིག་ནི་བཅོས་བསྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། གཉིས་ནི་དམིགས་འབེན་སྲིད་ཇུས་ཀྱི་ཚན་རིག་རང་བཞིན་ཇེ་དྲག་ཏུ་གཏོང་བ། གསུམ་ནི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་ཇེ་ཆེར་གཏོང་བའི་གནད་འགག་ཕྱོགས་གཅིག་ཏུ་བསྡུ་བ། བཞི་ནི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་བ་དང་བསྟུན་པ། ལྔ་ནི་བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་བཟང་བོར་འགྲེལ་བཤད་གསལ་བོ་བྱེད་པ་བཅས་ཕྱོགས་ལྔའི་ཐད་ཀྱི་ཁྱད་ཆོས་མངོན་ཡོད་ཟེར།

    འཐུས་མི་ཉི་མ་སྒྲོལ་མས་བཤད་རྒྱུར། སྙན་ཞུ་ཁྲོད་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པ་དང་། མཉམ་དུ་འཕེལ་རྒྱས་སུ་གཏོང་བ་དེ་གོ་གནས་གཙོ་བོར་བཞག་ཡོད། འདས་པའི་ལོ་གཅིག་གི་ནང་། མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། བསམ་བློ་སློབ་གསོའི་མཛུབ་ཁྲིད་ལ་ཤུགས་སྣོན་པ། བདེ་འཇགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། མི་དམངས་ཕྱུག་པོར་བསྒྱུར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། དམངས་འཚོ་ལ་འགན་སྲུང་དང་ལེགས་བསྒྱུར་བྱེད་པ་བཅས་ལ་མཐོང་ཆེན་བྱས་པས། མཛེས་སྡུག་དང་བདེ་འཇགས། འཆམ་མཐུན། བདེ་སྐྱིད་ཀྱི་མཚོ་སྔོན་གསར་བ་ཞིག་འཚར་ལོངས་འབྱུང་བཞིན་པའི་སྒང་རེད། རྗེས་ཕྱོགས་ཀྱང་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་སྔར་ལས་ལག་ལེན་མཐར་ཕྱིན་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་འཛུགས་སྐྲུན་བཟང་བོ་བྱེད་དགོས་ལ། རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ཀྲུང་དབྱང་སྔོན་རྩིས་ནང་གི་ལས་གཞི་དང་བོད་ཁུལ་གྱི་ལས་གཞི་ཐད་ཀྱི་ཞིང་ཆེན་རིམ་པའི་ཆ་སྡེབས་མ་དངུལ་གྱི་བསྡུར་ཚད་མེད་པར་བཟོས་ནས། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་དང་མི་དམངས་སྟོབས་ལྡན་དུ་བསྒྱུར་བའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག